ཤུད་པུ་དཔལ་གྱི་སེང་གེ།
གདུང་རུས་ཆོས་རྒྱལ་དང་གཅིག་ཀྱང་བོན་དང་སྒྲུང་དང་ལྡེའུ་གསུམ་ལ་མཁས་པ་ཞིག་ལ་བོན་གྱི་བྱུང་པུར་མཚན་གསོལ་པས་དེ་ལྟར་གྲགས་ཀྱང་ཟེར། སྔོན་རྒྱལ་པོའི་ནང་བློན་ཡིན། ཤུད་པུ་ཁྲི་འབྲིང་ཁོང་བཙན་ཡང་ཟེར། སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་ཡང་མཛད། གུ་རུ་པདྨའི་དྲུང་དུ་ལོ་ཙཱ་མཁས་པར་སྦྱངས་ཏེ། མ་གཤིན་ཕུར་གསུམ་གྱི་གདམས་པ་དང་རྙིང་མའི་ཆོས་བཀའ་མང་དུ་བསྒྱུར།

བོད་ཀྱི་མཁས་པ་ཆེན་པོ་བརྒྱད་ཀྱི་ནང་ཚན་དུ་གཏོགས་ཤིང་། རྡོ་རྗེ་ཕུར་པ་དང་མ་མོའི་སྒོ་ནས་གྲུབ་པ་ཐོབ། གྲུབ་རྟགས་ཕུར་པ་ངམ་ཤོད་ཀྱི་ཆུ་ལ་བཏབ་པས། ཆུ་ཡན་ནམ་དུ་ཆད་པ་དང་། བྲག་ལ་བཏབ་པས་བྲག་རལ་བ་སོགས་བྱུང་། མཆིམས་ཕུར་ཆུ་བོ་གྱེན་ལ་ཟློག་པའི་རྗེས་ཀྱང་ཡོད། ཡང་ཁོང་རང་གི་གསུང་ལས། མི་རྒྱུད་ལྷ་ལས་ཆད་པས་རྗེ་དང་ཏྲི་ལེར་མཉམ། །ཞིང་པོ་དམུ་ནས་ཆད་པས་རྗེ་དང་ཏྲི་ལེར་མཉམ། །དབུ་རྩེ་རིགས་གསུམ་གྱི་ཤར་ལོགས་བཞེངས་པས་རྗེ་དང་ཏྲི་ལེར་མཉམ། །མཆོད་རྟེན་དཀར་པོ་བཞེངས་པས་རྗེ་དང་ཏྲི་ལེར་མཉམ། །ཞེས་གསུངས་ཤིང་། མར་ཁུ་ཝ་ལས་དྲངས་པས་རྗེ་ལས་ལྷག་པར་བྱུང་། །ཞེས་ཟེར་ཏེ། བསམ་ཡས་གྲུབ་པའི་དགའ་སྟོན་གྱི་ལྟད་མོའི་སྐབས་སུ་མར་ཁུ་ཝ་ལས་དྲངས་ཡིན་པར་གྲགས། སྒྲུབ་གནས་ནི་སྦང་ཆུང་པདྨའི་གླིང་སོགས་ཡིན་པར་སྣང་ངོ་། །

 

ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

Menu