ཤུག་ཆུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོའམ་ཡོངས་གྲགས་སུ་སྤྲུལ་སྐུ་ཚུལ་ལོ་ཞེས་འབོད་པ་ཁོང་ནི་ཉེ་བའི་དུས་རབས་ཀྱི་ནང་ཆེས་མཁས་ཤིང་བཙུན་པའི་ཕ་མཐར་སོན་པའི་སྐྱེས་བུ་དམ་པ་ཞིག་ཡིན།

དེ་ཡང་ཁོང་ནི་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་སྤྲེལ་༼༡༨༨༤༽ལོར་ཡབ་གཏེར་སྟོན་ཆེན་པོ་འཁོར་གདོང་མགོན་པོ་དབང་རྒྱལ་དང་། ཡུམ་འཁོར་གདོང་གཏེར་ཆེན་ནུས་ལྡན་རྡོ་རྗེའི་སྲས་མོ་ཞི་ཝཾ་མཚོའི་སྲས་སུ་འཁྲུངས། སྐུ་ན་གཞོན་ནུའི་དུས་ནས་རབ་ཏུ་བྱུང་ཞིང་སྐུ་བཙུན་པའི་ཚད་དུ་འཛིན།

ཁོང་གིས་བླ་མ་མང་པོ་བསྟེན། དེ་ཡང་གཙོ་བོའི་གྲས་ནི་རྡོ་གྲུབ་ཆེན་སྐུ་ཕྲེང་གསུམ་པ་འཇིགས་མེད་བསྟན་པའི་ཉི་མ། རྡོ་གྲུབ་མཁན་པོ་དམ་ཆོས་འོད་ཟེར། ཉག་བླ་བསོད་རྒྱལ་ལས་རབ་གླིང་པ་སོགས་ཡིན། རྡོ་གྲུབ་ཆེན་བསྟན་པའི་ཉི་མ་མཆོག་གི་སྐུ་ཚེའི་སྨད་ལ་སྐུ་མཚམས་བཅད་རྒྱ་དམ་པོ་གནང་ནས་མི་སུ་ཡིན་ཡང་མཇལ་ཁ་གནང་བའི་གོ་སྐབས་ཤིན་ཏུ་དཀོན། ཡིན་ན་ཡང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ་མཆོག་ནམ་ཡིན་ཡང་གྲུབ་ཆེན་རིན་པོ་ཆེའི་མདུན་དུ་ནམ་ཡིན་ཡང་ཕེབས་ནས་ཆོས་གཞུང་གི་དོག་གཅོད་དང་བགྲོ་གླེང་གནང་བཞིན་ཡོད་འདུག ཤུག་ཆུང་སྤྲུལ་སྐུ་ནི་རྡོ་གྲུབ་མཁན་པོ་དམ་ཆོས་འོད་ཟེར་གྱི་སློབ་མ་གཙོ་བོ་ཡིན། དེ་ཡང་རྡོ་གྲུབ་མཁན་པོ་དམ་ཆོས་ཀྱི་ཞལ་ནས་ང་དགེ་རྒན་ཁྱི་ལྟ་བུ་ཞིག་ལ་ཤུག་ཆུང་སྤྲུལ་སྐུ་ཚུལ་ལོ་ལྟ་བུའི་སློབ་མ་སེང་གེ་འདྲ་བ་ཞིག་བྱུང་བ་རེད་ཅེས་གསུངས་སྲོལ་ཡོད་འདུག དེ་བཞིན་དུ་སྤྲུལ་བའི་གཏེར་ཆེན་ཉག་བླ་བསོད་རྒྱལ་ལམ་གཏེར་ཆེན་ལས་རབ་གླིང་པ་མཆོག་གི་སློབ་མའི་གཙོ་བོར་གྱུར་ཏེ་གཏེར་ཆེན་གང་གི་ཆོས་བདག་ཏུ་མངའ་གསོལ། རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་རྟ་༼༡༩༤༢༽ཡི་ལོར་སྤྲུལ་པའི་གཏེར་ཆེན་ལས་རབ་གླིང་པའི་རྣམ་ཐར་ཆེན་མོ་དེ་མཇུག་རྫོགས་པར་བརྩམས།

སྤྲུལ་སྐུ་ཚུལ་ལོ་རྒྱ་གར་གྱི་རྒྱ་མཚོ་ལ་ཐུག་གི་བར་དུ་ཕེབས་པ་སོགས་གནས་སྐོར་མང་པོ་མཛད་འདུག ཁོང་གི་གདན་ས་གཙོ་བོ་ཤུག་ཆུང་དགོན་དུ་མཛད། དེ་ཡང་ཤུག་ཆུང་དགོན་པ་ནི་རྡོ་ཁོག་ཏུ་༼རྔ་བ་ཁུལ་འཛམ་ཐང་རྫོང་རྡོ་སྟོད་ཤང༽ཆགས་ཡོད་ཅིང་དགོན་པའི་མིང་ལ་གསང་སྔགས་ཤུགས་འབྱུང་དགོན་པ་ཞེས་ཀྱང་འབོད། དེ་བཞིན་དུ་འཁོར་གདོང་དགོན་དུ་ཡང་བཞུགས། དགོན་པ་འདི་སྤྲུལ་སྐུ་ཚུལ་ལོ་རང་ཉིད་ཀྱི་སྤུན་འཁོར་གདོང་སྤྲུལ་སྐུ་འགྱུར་མེད་རྡོ་རྗེའི་དགོན་པ་ཡིན། ༼འཁོར་གདོང་དགོན་པ་ནི་བྲག་འགོ་རྫོང་སྙི་ཆུ་ཤང་གི་ཁོངས་སུ་ཡོད༽དེ་བཞིན་དུ་གནས་ནང་དགོན་དུ་ཡང་བཞུགས། ༼གནས་ནང་དགོན་པ་ནི་བྲག་འགོ་རྫོང་གཞི་མདའ་ཤང་གི་ཁོངས་སུ་ཡོད།༽ གདན་ས་འདི་གསུམ་པོ་ཡང་སྔ་འགྱུར་རྙིང་མ་བྱང་གཏེར་གྱི་ལུགས་འཛིན་པའི་དགོན་པ་ཡིན།

ཤུགས་ཆུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ་ལ་གསུང་འབུམ་པོད་ཆེན་བརྒྱད་ཡོད་པ་ཆ་ཚང་སྤྲུལ་པའི་སྐུ་ལུང་རྟོགས་རིན་པོ་ཆེ་དང་བླ་མ་ཞི་མཁས་སོགས་ཀྱིས་བརྩོན་པ་ཆེན་པོས་ཕྱོགས་བསྒྲིགས་ཀྱིས་ལོ་ཤས་སྔོན་ལ་གདན་ས་ཤུག་ཆུང་དགོན་དུ་ཤིང་པར་དུ་བརྐོས་ཡོད།ཁོང་གི་གསུང་འབུམ་ནང་དུ་མངའ་རིས་པཎ་ཆེན་གྱི་སྡོམ་པ་གསུམ་རྣམ་པར་ངེས་པའི་བསྟན་བཅོས་ཀྱི་འགྲེལ་ཆེན།སྤྲུལ་པའི་གཏེར་ཆེན་ལས་རབ་གླིང་པའི་རྣམ་ཐར་ཆེན་མོ། བྱང་གཏེར་དགོངས་པ་ཟང་ཐལ་གྱི་བསྐྱེད་ཡིག་སྐལ་བཟང་རེ་སྐོང་།བྱང་གཏེར་ཕག་མོ་ཟབ་རྒྱའི་དམིགས་ཁྲིད། དཔལ་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་འགྲེལ་བ། གཏེར་སྟོན་མགོན་པོ་དབང་རྒྱལ་གྱི་རྣམ་ཐར།བླ་མ་དགོངས་པ་འདུས་པའི་སྒྲུབ་ཐབས་ཀྱི་བཤད་པ། ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་སྒྲུབ་ཐབས་ཀྱི་རྣམ་བཤད།བསྐྱེད་ཡིག་ཀུན་བཟང་དགོངས་རྒྱན། མན་ངག་ལྟ་བའི་ཕྲེང་བའི་བསྡུས་འགྲེལ། རིག་འཛིན་རྩ་སྒྲུབ་ཀྱི་དམིགས་ཁྲིད་པདྨའི་དགོངས་རྒྱན་རིན་ཆེན་ཕྲེང་མཛེས།མཛད་པ་བཅུ་གཉིས་ཀྱི་འགྲེལ་བ་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་སོགས་ཆོས་ཚན་དགུ་བཅུ་ལྷག་ཅིག་བཞུགས།

ཁོང་གི་འདས་ལོ་སྐོར་ད་དུང་དོག་པ་ཆོད་པ་ཞིག་མ་བྱུང་། དེ་ཡང་རྡོ་གྲུབ་སྤྲུལ་སྐུ་དོན་གྲུབ་གྱིས་རབ་བྱུང་བཅུ་དྲུག་པའི་མེ་མོ་བྱ་ལོ་༼༡༩༥༧༽ཡིན་ནམ་གསུངས་འདུག ཡིན་ན་ཡང་དེ་ལ་དོག་པ་ཞིག་ཡོད་པ་ཁོང་གི་སྤྲུལ་སྐུ་རྣམ་པ་གཉིས་པོ་ཤིང་མོ་ལུག་༼༡༩༥༥༽ལོར་འཁྲུངས་པ་ཡིན། དེ་ཡང་སྤྲུལ་སྐུ་རྣམ་པ་འཁྲུངས་སྐབས་སུ་ཤུག་ཆུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ་འདས་ཟིན། དེ་ཡང་ཁོང་མདོ་ཁམས་ལའུ་ཐང་དགོན་པར་ཕེབས་ཤིང་སྤྲུལ་སྐུ་དགྲ་གཅན་དང་མཇལ་འཛོམ་གནང་། ཕྱིར་ཕེབས་ཁར་ཐུགས་འཕྲེང་བའི་རྣམ་པས་སྤྲུལ་སྐུ་དགྲ་གཅན་ལ་གཟིགས་ནས། ཐུགས་བློ་བདེ་མོ་གྱིས། ང་མི་འགྱངས་བར་ཕྱིར་འབྱོར་ཡོང་གསུངས་འདུག དེ་ནས་ཡུན་རིང་མ་འདས་པར་སྤྲུལ་སྐུ་ཚུལ་ལོ་སྐུ་གཤེགས། ཁོང་མི་འགྱངས་བར་ཕྱིར་འབྱོར་ཡོང་གསུངས་པ་དེ་ཁོང་གི་ཡང་སྲིད་སྤྲུལ་སྐུ་ལུང་རྟོགས་མཆོག་སྤྲུལ་སྐུ་དགྲ་གཅན་གྱི་ཕྱག་མཛོད་ཀྱི་སྲས་སུ་འཁྲུངས་པའི་ལུང་བསྟན་གནང་བ་རེད་ཟེར་སྲོལ་ཡོད།

ཤུག་ཆུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོར་ཡང་སྲིད་གཉིས་འཁྲུངས་ཡོད། གཅིག་ནི་སྤྲུལ་སྐུ་ལུང་རྟོགས་དང་། གཅིག་ནི་སྤྲུལ་སྐུ་ཆོས་ཀྱི་ཉི་མ་ཡིན། དེ་ཡང་སྤྲུལ་སྐུ་ལུང་རྟོགས་ནི་རྡོ་གྲུབ་ཆེན་བསྟན་པའི་ཉི་མ་དང་རྡོ་གྲུབ་མཁན་པོ་དམ་ཆོས་འོད་ཟེར་སོགས་ཀྱི་སློབ་མ་ལའུ་ཐང་སྤྲུལ་སྐུ་དགྲ་གཅན་གྱི་ཕྱག་མཛོད་ཀྱི་སྲས་སུ་འཁྲུངས། སྤྲུལ་སྐུ་ཆོས་ཀྱི་ཉི་མ་ནི་གནས་ནང་བླ་བྲང་དུ་འཁྲུངས་ཤིང་སྤྲུལ་སྐུ་རྣམ་པ་གཉིས་སྐུ་འཚོ་ཞིང་གཞེས་ལ་མཛད་འཕྲིན་རྒྱས་བཞིན་བཞུགས་པ་འདི་ལགས་སོ༎ རྡོ་རྗེ་ཚེ་སྲུང་གི་གླེང་མོལ་ལས།

ཤར་མི་ཉག་པ།རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བཏུས།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

Menu