ལྡན་མ་རྩེ་མང་།
ཁམས་ལྡན་གྱི་ཡུལ་འཁྲུངས་པས་ལྡན་མར་གྲགས་ཏེ་མཚན་དངོས་རྩེ་མང་པོ། ཡི་གེ་འབྲི་བ་ལ་མཁས་པའི་ཕུལ་དུ་གྱུར་པས་ལག་རྒྱུན་མ་ཉམས་པའི་ཁྲིད་སྲོལ་ད་ལྟའང་ཡོད་པར་སྣང་། ལོ་ཙཱ་ཡང་མཁྱེན་སྟེ་ལོ་ཙཱ ཆེ་གསུམ་ཆུང་གསུམ་དུ་གྲགས་པའི་ནང་ཚན་མཆེད་བུའི་ལོ་ཙཱ་ཡིན། སློབ་དཔོན་ཆེན་པོ་ལས་གསང་སྔགས་ཀྱི་ཆོས་མང་པོ་ཐོབ་སྟེ།
རྟོགས་པ་ཤར་བས་ཆོས་ཐམས་ཅད་མི་བརྗེད་པའི་གཟུངས་ཐོབ། བཀའ་བརྒྱད་བདེར་འདུས་སོགས་གཏེར་ཡིག་ཕལ་ཆེར་འབྲི་བ་པོ་ཡང་འདི་ཡིན་པར་བཤད་དེ། ཁོ་བོས་ཀྱང་བདེ་འདུས་ཀྱི་གཏེར་ཡིག་གྲུབ་ཆེན་འདིའི་ཕྱག་བྲིས་དངོས་སུ་མཇལ་བའི་སྐལ་བཟང་ཐོབ་བོ། །
ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།