ལོ་ཆེན་བཻ་རོ་ཙ་ན།
གདུང་པ་གོར། འཁྲུངས་ཡུལ་ཕྱོགས་གཉིས་སྣང་སྟེ་ཐང་ཡིག་ལས་སྙེ་མོར་བཤད་ཀྱང་བཻ་རོ་ཉིད་ཀྱི་འདྲ་འབག་ལས། ཉ་ཆུ་གཙང་ཆུ་འདྲེས་པ་ཞེས་འབྱུང་བས། ད་ལྟ་ཕོ་བྲང་ཆེན་པོ་བསམ་འགྲུབ་རྩེའི་ཆུའི་ཤར་ཁ། ཟངས་དཀར་ཟེར་བའི་གྲོང་ཡོད་པ་དེ་ཉིད་དང་ཉེ་བའི་ཐད་དུ་འཁྲུངས་པར་གསལ་ཞིང་། གནས་དེ་ཉིད་ན། ལོ་ཆེན་བྱིས་པའི་དུས་ཀྱི་ཞབས་རྗེས་ཀྱང་རྡོ་ལ་གསལ་བར་ཡོད་དོ་ཟེར། ཡབ་པ་གོར་རྡོ་རྗེ་རྒྱལ་པོ་པ་གོར་ཧེ་འདོད་ཁུ་བོ་ཡིན་པར་བཞེད།

ཐང་ཡིག་ལས་ཡབ་ཡིན་པ་གསུངས། ཡུམ་བྲན་ཀ་བཟའ་སྒྲོན་སྐྱིད་ཀྱི་སྲས་སུ་འཁྲུངས། སྐུ་གཞོན་ནུའི་དུས་འཁྲུངས་ཡུལ་བྲག་པོ་ཆེའི་རི་ཕན་ཚུན་དུ་འཕུར་ནས་རྫུ་འཕྲུལ་གྱིས་གཤེགས་བཞུད་མཛད། སད་མི་བདུན་གྱི་ནང་ཚན་དུ་མཁན་པོ་ལས་རབ་ཏུ་བྱུང་། མཚན་བཻ་རོ་ཙ་ན་རཀྵ་ཏ་སྟེ་རྣམ་པར་སྣང་མཛད་བསྲུང་བ་ཞེས་བཏགས། སྒྲ་སྐད་ལོ་ཙཱ་བ་མཁས་པའི་ཕུལ་དུ་ཕྱིན་ཏེ་བསིལ་ལྡན་མྱུ་གུས་དཀྲིགས་པའི་ལྗོངས་འདི་ན་སྔ་ཕྱིར་བྱོན་པའི་མཁས་པ་སུས་ཀྱང་འགྲན་བཟོད་པ་མེད། རྒྱ་གར་དུ་བྱོན་ཚུལ་ལོ་རྒྱུས་རྒྱས་པ་སེམས་སྡེའི་སྐབས་སུ་འཆད་འགྱུར་ལས་ཤེས། སློབ་དཔོན་ལ་བཀའ་བརྒྱད་ཀྱི་དབང་ནོས་ཚེ་མེ་ཏོག་དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་ལ་ཕོག་པས། སྔགས་བདག་དྲེགས་པར་བཀའ་བབས། སྟོབས་ལྡན་ནག་པོས་ཞལ་གཟིགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་དངོས་གྲུབ་བརྙེས། དྲག་སྔགས་ཀྱི་དམོད་པས་བསྟན་པའི་དགྲ་བོ་བསྒྲལ། ཁྱད་པར་རྒྱལ་པོའི་བཙུན་མོ་དམར་རྒྱན་མར་མཛེ་ཐོད་རྒལ་བཏང་བ། སློབ་དཔོན་པདྨའི་ཐུགས་རྗེས་གསོས་པའི་ལོ་རྒྱུས་ཡོད་ལ། དེ་དུས་བཻ་རོས་བཙུན་མོར་རྦད་རྒྱུའི་ཀླུ་དེ་དེང་སང་མི་ལ་ཁོག་ཞུགས་འབྱུང་ཡང་བཙུན་མོའི་གྲིབ་ཀྱིས་ངག་ལྐུག་ནས་བླང་དོར་སྨྲ་རུ་མེད་པས་མཆོད་པ་བཞེས་ལུགས་ལ་སྲ་བརྟག་བྱེད་པ་ཡོད། བཻ་རོ་ཡན་ཆད་འདི་དག་ལ་བཀའ་བབས་མི་དགུ་ཞེས་ཟེར་རོ། །

 ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

Menu