ལ་གསུམ་རྒྱལ་བ་བྱང་ཆུབ།
སད་མི་བདུན་དུ་གྲགས་པའི་ནང་ཚན་ཏེ་མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ལོ་ཙཱ་མཁྱེན་པས་རྒྱ་གར་དུ་ཡང་ལན་མང་དུ་བྱོན་ཞིང་མདོ་སྔགས་ཀྱི་ཆོས་ཀྱང་བསྒྱུར། ཐོས་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པའི་མཁས་པ་ཆེན་པོ་སྟེ། ལོ་རྒྱུས་ཆེན་མོ་ལས། ཐོས་པ་ཆེ་རབ་ལ་གསུམ་བྱུང་ཆུབ་རྒྱལ། ཞེས་ཟེར་ཏེ་རབ་ཀྱི་མི་དགུའི་གྲས་སུ་འང་བགྲང་བར་སྣང་། སློབ་དཔོན་ཆེན་པོ་ལས་དབང་དང་གདམས་པ་ཞུས་པས། རྟེན་མེད་ཀྱི་མཁའ་ལ་སྐྱིལ་ཀྲུང་གིས་བཞུགས་པ་སོགས་རྫུ་འཕྲུལ་སྟོན་ནུས་པའི་གྲུབ་པའི་དབང་ཕྱུག་ཆེན་པོའོ།
།དེ་ལྟར་དེ་དག་ལ་རྗེས་འབངས་ཉེར་ལྔར་ཡོངས་སུ་གྲགས་ནའང་སྔོན་ཆད་ངོས་འཛིན་ཚུལ་མི་འདྲ་བ་འགའ་ཞིག་བྱུང་བའི་མ་དག་པའི་རྙོག་མ་དག བྱང་བདག་དབང་པོའི་སྡེས་མཁྱེན་དཔྱོད་ཀྱི་ཀེ་ཏ་ཀས་རྣམ་པར་བགྲུངས་བར་མཛད་མོད། འོན་ཀྱང་རྟེན་གྱི་དབྱེ་བ་ཕྱེད་དཀའ་བར་སྣང་ཡང་ཡོངས་གྲགས་རྣམས་ནི་དེ་བཞིན་ལས་བརྗོད་མ་དགོས་ཀྱང་། འགའ་ཞིག་ལ་ལོ་རྒྱུས་དང་བྲིས་ཆ་སོགས་མཐུན་མིན་སྣ་ཚོགས་བྱུང་བ་འདིར་མཐུན་ཤས་གང་ཆེ་གཙོ་བོར་བཟུང་ཡང་ད་དུང་ཁ་ཅིག་སོམ་ཉིར་ལུས་པས་དཔྱད་པར་འོས་སོ། །
གཞན་ཡང་སློབ་དཔོན་རིན་པོ་ཆེའི་དངོས་སློབ་བསམ་ཡས་ས་འདུལ་སྐབས་སུ་གྲུབ་བརྙེས་ཉེར་གཅིག་བྱུང་བ་དང་། གོང་དུ་སྨོས་པའི་ཡེར་པ། ཆུ་བོ་རི། མཆིམས་ཕུ་རྣམས་སུ་འོད་ལུས་གྲུབ་པ་དེ་དག་དང་། ཡང་ལོ་རྒྱུས་ཁ་ཅིག་ལྟར་ན། མཆིམས་ཕུ་ན་གྲུབ་ཆེན་ཉེར་ལྔ། འབྲོ་གཟའ་ཏི་སམ་དང་། མར་ཀོང་བཟའ་ལ་སོགས་པ་རྣལ་འབྱོར་མ་བཅུ་བདུན། ཆུ་བོ་རི་ན་དཔལ་གྱི་ཡེ་ཤེས་ལ་སོགས་པ་གྲུབ་ཆེན་སུམ་ཅུ་སོ་ལྔ། ཉང་ཏིང་འཛིན་བཟང་པོ་ལ་སོགས། ཡེར་པ་ན་གྲུབ་ཆེན་བརྒྱ་དང་བདུན། དེ་དག་ཐམས་ཅད་འཇལ་ལུས་སུ་གཤེགས། དེ་དག་ཏུ་མ་ཟད། སློབ་དཔོན་གྱི་དངོས་སློབ་ནི་མཐའ་ཡས་པ་ཞིག་བྱོན་པར་སྣང་སྟེ། གོང་དུས་སྨོས་པའི་ཨ་མེས་བྱང་ཆུབ་འདྲེ་ཁོལ་དང་། རྒྱུས་བྱང་ཆུབ་གཞོན་ནུ། རོག་བན་ནམ་མཁའ་ཡེ་ཤེས། མྱང་ཏ་ཐཱ་ག་ཏ། མྱང་མཆོག་རབ་གཞོན་ནུ། དཔང་རྗེ་བཙན་ཁྲོམ། ཤ་མི་གོ་ཆ། གླང་བུ་སེ་བོ། ཤུག་སྡོང་རྩ་བ་ནས་བཏོན་ཏེ་ཁུར་ནས་བཙན་ཐང་ལྷ་ཁང་དུ་ཀ་བ་བཙུགས་པའི་དགེ་བསྙེན་ངོམ་སེ་འོངས་བྱ་བ་དེ་དང་། ངབ་མི་བྱང་ཆུབ་རྒྱལ་མཚན། ངམ་འབྲེལ་ཨ་ཙ་ར་ས་ལ། ཡར་ལུང་སྨོན་སྤྲོའི་ངབ་མི་ཅན་ཙོར་བྱ་བ་དང་། ལྕེ་རྒྱ་མཚོ་གྲར། འབྲེ་ཤེས་རབ་གྲགས་པ། འཁོན་ལོ་ཙཱ་བ་ཀླུ་དབང་སྲུང་སོགས་བོད་ཡུལ་གྱི་མཁས་གྲུབ་ཕལ་ཆེ་བ་དང་། མི་ཆེན་ཆེ་དགུ་ཐམས་ཅད་ཀྱི་ཡབ་མེས་མཐའ་དག་སློབ་དཔོན་རིན་པོ་ཆེའི་དངོས་སློབ་ཏུ་མ་གྱུར་པ་མེད་ཅིང་། གྲུབ་བརྙེས་དེ་དག་གིས་བྱིན་གྱིས་བརླབས་པའི་ཆོས་དང་གདུང་བརྒྱུད་ལས་ཕྱིས་ཀྱི་མཁས་གྲུབ་རྣམས་ཀྱང་བྱོན་པ་ཡིན་ནོ། །