སྔ་འགྱུར་རྙིང་མའི་དབུ་འཛིན་སྐབས་དྲུག་པ་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ནི། ཡར་འབྲོགས་སྣ་དཀར་རྩེའི་ཕུན་དཀྱིལ་ཞེས་པའི་ཁྱིམ་དུ་ཡབ་རྣམ་རྒྱལ་རྡོ་རྗེ་དང། ཡུམ་རྡོ་རྗེ་སྒྲོལ་མ་ཟུང་གི་སྲས་སུ་རབ་བྱུང་ ༡༦ མེ་ཡོས་ཟླའི་ཡར་ཚེས་ ༡༣ ལ་ངོ་མཚར་བའི་ལྟས་བཟང་དུ་མ་དང་བཅས་ཏེ་སྐུ་འཁྲུངས།

རྡོ་བྲག་རིག་འཛིན་ཆེན་པོ་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེ་མཆོག་གིས་ངོས་འཛིན་གནང། བགྲང་བྱ་ལྔ་པརསྟག་ལུང་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང། རྡོ་བྲག་ཆུ་བཟང་རིན་པོ་ཆེ་སྐུ་གོང་མ་པདྨ་ངེས་དོན་བསྟན་པའི་ཉི་མས་གཙུག་ཕུད་བཞེས་ཏེ། བཤད་སྒྲུབ་ཉིན་བྱེད་ཕྲིན་ལས་དཔལ་བཟང་པོ་ཞེས་སྤྲུལ་སྐུའི་མཚན་རྟགས་དང་གདན་ཐོབ་སོགས་དམིགས་བསལ་ཆེ་བར་གནང་བ་ནི་ཕྱི་མཐའ་ལ་གཟིགས་པ་གསལ། ཡོངས་འཛིན་ཀུན་བཟང་མཆོག་གི་མདུན་ནས་ཡི་གེ་འབྲི་ཀློག་སོགས་ཚེག་མེད་མཁྱེན་ཅིང་གདན་ས་ཐུབ་བསྟན་རྡོ་རྗེ་བྲག་ཏུ་ཕེབས་བཞུགས་གནང་ཏེ་བྱང་པའི་ཕྱག་བཞེད་རྣམས་ལེགས་པར་གསན་བཞེས་གནང་། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོའི་མདུན་ནས་དགེ་ཚུལ་གྱི་བསླབ་སྡོམ་བཞེས། དེ་རྗེས་སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་བརྩེ་ནོར་བུ་རིན་པོ་ཆེའི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་བསླབ་སྡོམ་གསན་བཞེས་གནང་སྟེ་བསྟན་པའི་རྩ་ལག་ཏུ་གྱུར་བ་དང། དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན་པ་སོགས་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བསྟན་པ་རྒྱ་མཚོའི་མངའ་བདག་དུ་གྱུར་ཅིང་དབང་ལུང་མན་ངག་སོགས་གདུལ་བྱའི་འཕྲིན་ལས་ཕྱོགས་དང་མུ་མེད་པར་རྒྱས་བཞིན་བཞུགས་པའི་སྐབས་འདིར་རྙིང་མའི་དབུ་འཛིན་སྐབས་ལྔ་པ་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་སྐུ་མྱ་ངན་ལས་པའི་ཚུལ་བསྟན་རྗེས་སྔ་འགྱུར་རྙིང་མའི་སྐུ་ཚབ་ཚོགས་
ཞེ་ཆེན་རབ་འབྱམས་རིན་པོ་ཆེ་དང། ཀཿཐོག་དགེ་རྩེ་རིན་པོ་ཆེ། གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ། སྨིན་གླིང་མཁན་རིན་པོ་ཆེ། རྙིང་མའི་སྤྱི་འཐུས་གཉིས། དཔལ་ཡུལ་མཁན་པོ་ཚེ་དབང་རྒྱ་མཚོ། རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན། རྙིང་མ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་དང་རྒྱ་རི་བུ་ཕྲུག་བཅས་ཆེད་བཅར་གྱིས་གསོལ་འདེབས་ཨུ་ནན་ཞུས་པས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་༧སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་རྙིང་མའི་དབུ་འཛིན་གྱི་མཚན་གནས་ཞལ་བཞེས་ལེགས་ཐོབ་བྱུང་ཡོད། སླད་མར་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་རྣམས་ལྷུན་ཅིང་འགྲུབ་པའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཞུ་རྒྱུ་བཅས། ཟུང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༡ ལ།། །

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

Menu