༄༅། ། རྫོགས་ཆེན་ཡིད་བཞིན་ནོར་བུ་རིན་པོ་ཆེའི་
འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་
ཆོས་དུང་དཀར་པོའི་སྒྲ་དབྱངས་
ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་པདྨ་བིརྱ་དྷྰ་ར་ཡེ། །
སངས་རྒྱས་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན་དང་། །
ས་ར་ཧ་དང་མངའ་བདག་ཁྲི་རལ་ཆེན་པོ། །
ཙོང་ཁ་པ་སོགས་སྐྱེས་རབས་ཕྲེང་བར་བལྟམས་པའི། །
གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་རྒྱལ་ལོ། །
ཀ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ། །
ཁ་སྦྱོར་ཡོན་ཏན་ཀུན་རྫོགས་རྡོ་རྗེ་འཆང་ཆེན། །
གང་ལ་གང་འདུལ་མཛད་པའི་པདྨ་འབྱུང་གནས། །
ང་ཡི་སྙིང་གི་བླ་མས་དུས་ཀུན་སྐྱོངས་ཤིག །
ཅ་ཅོའི་འདུ་འཛིས་དབེན་པའི་འབྲས་ལྗོངས་ཚལ་དུ། །
ཆ་ལུགས་རྟེན་འབྲེལ་རྟགས་དང་དགེ་མཚན་ཆེན་པོས། །
ཇ་ཆང་ལོངས་སྤྱོད་ཚོགས་འཁོར་བསྐོར་བའི་ཉིན་མོར། །
ཉ་གང་ཟླ་བཞིན་བལྟམས་པའི་རྫོགས་ཆེན་སྤྲུལ་སྐུ། །
ཏ་ཐྰ་ག་ཏའི་སྙིང་པོ་ལྷན་སྐྱེས་འཁྲུངས་ཤིང་། །
ཐ་སྙད་དག་མཉམ་གཟིགས་པའི་ལུང་བསྟན་མཐུན་པར། །
ད་འདས་མ་འོངས་འདྲེན་པའི་ཡིད་བཞིན་ནོར་བུར །
ན་མོ་སྒོ་གསུམ་དད་གུས་མཆོད་སྤྲིན་འབུལ་ལོ། །
པདྨ་རིག་འཛིན་ཡང་སྲིད་སངས་རྒྱས་གཙུག་ཏོར། །
ཕ་མེས་རྒྱུད་པའི་སྲོལ་འཛིན་རིག་སྔགས་འཆང་ཆེན། །
བ་རུ་ལྷུན་པོའི་སྨན་ལྟར་རྣལ་འབྱོར་རྒྱལ་པོ། །
མ་ལུས་འགྲོ་བའི་མགོན་པོ་སྐུ་ཚེ་བརྟན་སྨོན། །
ཙ་རི་སྦས་ཡུལ་འགྲིམས་པའི་མཁས་གྲུབ་ཚོགས་ཀྱིས། །
ཚ་གྲང་དཀའ་སྤྱད་གནང་ནས་ཆོས་བརྒྱད་སྤངས་ཀྱང་། །
ཛ་ཡའི་བསྟན་པའི་བདག་པོ་རྫོགས་ཆེན་དམ་པ། །
ཝ་ལེར་དགོངས་པས་གཟིགས་པའི་སྤྲུལ་སྐུ་འཁྲུལ་མེད། །
ཞ་ཉེ་གསེར་རྫུ་འཕྲུལ་པའི་ཐབས་ཇུས་དབེན་ཕྱིར། །
ཟ་འོག་རི་མོ་ཇི་བཞིན་མངོན་གསལ་གྱུར་པ། །
འ་ཅག་འདྲེན་པའི་བླ་མ་གྲུབ་དབང་རྫོགས་ཆེན། །
ཡ་ང་བག་ཚ་དབེན་པའི་འཇིགས་བྲལ་ལྷུན་པོ། །
ར་ཧོར་མཁན་ཆེན་ཟུང་དང་རྡོ་གྲུབ་སྐྱབས་རྗེས། །
ལྭ་བ་དཀར་པོའི་ལྷ་སྲས་ངོས་འཛིན་གནང་བས། །
ཤ་རུས་གདུང་རྒྱུད་ཟབ་པའི་བསོད་ནམས་ཅན་ལ། །
ས་སྐྱོང་རྒྱལ་བའི་དབང་པོས་བདེན་དཔུང་མཛད་དོ། །
ཧ་ཅང་དགའ་བདེས་ཚོགས་གཉིས་འཁོར་ལོ་བསྐོར་ཞིང་། །
ཨ་ཏིའི་ཟབ་རྒྱས་ལྡན་པའི་དཔལ་ལ་རོལ་དང་། །
གནས་ལུགས་རྫོགས་པ་ཆེན་པོའི་དགོངས་པ་རྟོགས་ནས། །
མཐའ་ཡས་འགྲོ་ཀུན་འདྲེན་པའི་སྨོན་ལམ་འགྲུབ་འོང་། །
རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་གྲུབ་དབང་ཟློས་གར། །
དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྫོགས་ཆེན་སྐྱབས་མགོན། །
ཐེག་མཆོག་ཆོས་ཀྱི་རྒྱལ་པོའི་བཞེད་དོན་འགྲུབ་ནས། །
ཐུབ་བསྟན་བློ་གསལ་དབང་པོ་ཞབས་བརྟན་སྨོན་ནོ། །
བོད་བརྒྱུད་བསྟན་པ་གངས་སེང་ལྷུན་པོའི་སྤོར་རུ། །
ལུང་རིགས་བློ་སྤོབས་གད་རྒྱངས་ཆེས་ཆེར་སྒྲོགས་ཤིང་། །
ངོ་མཚར་འབུམ་ལྡན་མཛད་པའི་གཡུ་རལ་གཟུགས་ཅན། །
བསྟན་འཛིན་འཇིགས་བྲལ་ལྷུན་པོ་ཞབས་བརྟན་སྨོན་ནོ། །
ཐུགས་བསྐྱེད་སྤྱོད་འཇུག་མ་ཉམས་རྒྱལ་བའི་སྲས་པོ། །
ཟབ་རྒྱས་དམ་ཆོས་སྤེལ་ཅིག་ཕར་ཕྱིན་རབ་འབྱམས། །
ཡང་གསང་རྫོགས་པ་ཆེན་པོའི་མིང་དོན་མཚུངས་པར། །
ཀུན་ཁྱབ་ཕྲིན་ལས་མངོན་མཛོད་ཡིད་བཞིན་ནོར་བུ། །
ཞེས་པ་འདི་ཡང་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་མགོ་ཟླ་བའི་ཡར་ངོའི་ཚེས་པ་བཅུའམ་རིག་འཛིན་རྒྱལ་དབང་པདྨ་ཀ་རས་གངས་ལྗོངས་གཏེར་གྱི་གཏམས་པའི་སྟ་གོན་དུ། གཞི་བདག་དབང་བསྡུས་གཏེར་གྱི་གཉེར་བྱང་གཏད་པའི་བཀྲ་ཤིས་དུས་ཚེས་དགེ་ལེགས་འཛོམ་པར་ཡ་མཚན་རྨད་དུ་བྱུང་བའི་བལྟས་དང་བཅས་༧མགོན་པོ་གང་གི་མཚན་དཔེའི་པདྨོ་མངོན་པར་བཞད་པའི་དུས་བཟང་གི་ཉིན་མོར་རང་གི་རྨི་ལམ་དང་། སྐྱེན་སྤྲུལ་བསྟན་འཛིན་རྡོ་རྗེས་བསྐུལ་བར་ལྟར་འཁྲུངས་སྐར་དགེ་བའི་རྟེན་འབྲེལ་དུ་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་འམ། ཤྲྰི་སྨྱོན་ཨེ་མ་ཧོས་རང་སྣང་གང་ཤར་དབྱིན་ཡུལ་རྒྱལ་ས་ལན་དྲོན་གྱི་ཨེ་ཝྃ་རྫོགས་ཆེན་ཆོས་ཚོགས་ཁང་ནས་དེ་མ་ཐག་ཏུ་གློག་འཕྲུལ་དུ་བཏབས་པར་དགེའོ། ། ཕྱི་ལོ་ ༢༠༡༣ ༡༢ ༡༢ ལའོ། །