གདན་ས་ཆེན་པོ་བརྩེ་ཆེན་ས་སྐྱ་དགོན་པ་འམ་གསང་སྔགས་བདེ་ཆེན་ནི་འཁོན་སྟོན་དཀོན་མཆོག་རྒྱལ་པོས་རང་བྱུང་དང་པོའི་ཆུ་གླང་སྤྱི་ལོ ༡༠༧༣ ལོར་བོད་གཙང་ཕྱོགས་སུ་ས་ཁུལ་ས་སྐྱ་རྫོང་གི་བྱང་ངོས་དབོན་པོ་རི་གླང་ཆེན་ཉལ་བ་དང་འདྲ་བའི་མཁལ་ཁུང་གཡས་པའི་ཐད་ནས་ས་དཀར་ཞིང་སྣུམ་ལ་ཆུ་གཡས་སུ་འབབ་པ་སོགས་ཀྱི་བཀྲ་ཤིས་དགེ་མཚན་དུ་མ་ལྡན་པ་མཁྱེན་ནས་ས་དེར་དགོན་བཏབ་ཅིང་དགོན་པའི་མིང་ཡང་སའི་ཁ་དོག་ལ་གཞིག་ནས་ས་སྐྱ་དགོན་པ་ཞེས་བཏགས་ཤིང་།

དེ་ནས་བཟུང་གནས་ཀྱི་མིང་གང་ཟག་ལ་ཐོགས་ཏེ་དཔལ་ལྡན་ས་སྐྱ་པ་དང་། དེའི་དགོངས་པའམ་རང་ལུགས་ལ་ས་སྐྱའི་ལུགས་ཞེས་ཡོངས་སུ་གྲགས་པར་གྱུར། དགོན་པ་འདི་ལ་དང་ཐོག་ལྷོ་བྱང་གཉིས་ཡོད་ཅིང་ལྷོ་མ་དེ་ས་སྐྱ་གྲུམ་ཆུའི་ལྷོ་ངོས་ཐང་ཤོངས་སུ་ཆགས་ཤིང་། བྱང་མ་ནི་གྲུམ་ཆུའི་བྱང་ངོས་དབོན་པོ་རིའི་འདབས་སུ་ཆགས།
སྤྱིར་ས་སྐྱ་པ་ལ་ས་ངོར་ཚ་གསུམ་དུ་གྲགས་པ་ལས། དཔལ་ལྡན་ངོར་པའི་གདན་ས་ཆེན་པོ་ནི། སྟོན་པ་རང་གིས་དམ་ཆོས་པདྨ་དཀར་པོ་ལས་ལུང་བསྟན་པ་ངོར་ཨེ་ཝྂ་ཆོས་ལྡན་ནི་ངོར་ཆེན་རྡོ་རྗེ་འཆང་ཀུན་ཏུ་བཟང་པོས་སྤྱི་ལོ ༡༤༢༩ ལོར་དཔལ་ལྡན་ངོར་པའི་གདན་ས་ཐོག་མར་ཕྱག་བཏབ་གནང་ནས་ས་སྐྱ། ས་བཟང་། ངམ་རིང་སོགས་སུ་བསྟན་པའི་དོན་རྒྱ་ཆེན་མཛད་ནས་ཀུན་མཁྱེན་བསོད་ནམས་སེང་གེ་སོགས་བསྟན་པའི་རྒྱལ་ཚབ་མཁན་རབས་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་བར་བདུན་བཅུ་དོན་ལྔ་ཕེབས་ནས་བོད་མདོ་སྨད་བར་གསུམ། རྒྱ་གར། བལ་འབྲུག་སོགས་སུ་བསྟན་དོན་བསྐྱང་དང་སྐྱོང་བཞིན་པ་རེད།
དཔལ་ལྡན་ཚར་པ་ནི།
ཚར་པའི་རང་ལུགས་ཐོག་མར་ཕྱག་འདེབས་པ་པོ་ནི་གངས་ཅན་དྲུག་གི་ནང་ཚན་མདོ་ལ་མཁས་པ་གཡག་རོང་རྣམ་གཉིས་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ། རོང་སྟོན་ཤེས་བྱ་ཀུན་རིག་ཤཱཀྱ་རྒྱལ་མཚན་མཆོག་ནས་སྤྱི་ལོ ༡༤༣༥ ལོར་ཤྲཱི་ནཱལེནྡྲའམ་དཔལ་རྒྱུན་གྱི་དབང་པོ་ཞེས་པའི་གདན་ས་བོད་འཕན་པོའི་ཡུལ་དུ་ཐོག་མར་ཕྱག་བཏབ། དེ་ནས་བཟུང་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་གི་བསྟན་པའི་རྒྱལ་མཚན་མཐོན་པོར་བསྒྲེངས།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

Menu