དྲི་བ། རིན་པོ་ཆེ་སྔ་འགྱུར་རྙིང་མ་པའི་བླ་ཆེན་ཞིག་ཡིན་པའི་ཆ་ནས་ཉེ་ཆར་ཆོས་ཚོགས་ཐེངས་བཅུ་པ་ཚོགས་སྐབས་དང་འབྲེལ་བའི་ཐོག་དགོངས་ཚུལ་གང་ཡོད།
ལན། ང་རང་སྐབས་དེར་དངོས་སུ་འགྲོ་མ་ཐུབ་ཀྱང་ཚབ་ཅིག་བཏང་ཡོད། ཆོས་ཚོགས་དེ་སྔར་དང་མ་འདྲ་བའི་གཟི་བརྗིད་ཅན་ཞིག་དང་གྲུབ་འབྲས་ལྡན་པ་ཞིག་འཚོགས་འདུག གྲོས་ཆོད་ཚང་མ་ང་རང་གིས་མཐོང་སོང་ལ་མཐར་ཐུག་གི་གཏན་འབེབས་དེ་ཚོ་ཡག་པོ་འདུག

དྲི་བ། སྔ་འགྱུར་རྙིང་མ་པའི་དབུ་འཛིན་རབ་དང་རིམ་པ་ཅན་ཞིག་བྱུང་ཡོད་པས། རིན་པོ་ཆེས་དབུ་འཛིན་ཚོས་དམ་འཛིན་དང་འཐུས་ཤོར་གྱི་རྣམ་པ་གང་འདྲ་ཞིག་གཟིགས་བྱུང།
ལན། དེ་མཐའ་གཅིག་ཏུ་འདི་ལྟ་བུ་ཞིག་རེད་འདུག་ཅེས་སྨྲ་མི་ཐུབ་མོད་སྐབས་གསུམ་པའི་དབུ་འཛིན་དེ་ཧ་ཅང་རླབས་ཆེ་ཞིང་གཟི་བརྗིད་ལྡན་པ་ཞིག་དང་འབྱུང་འགྱུར་རྙིང་མ་བའི་དབུ་འཛིན་ཚོས་མིག་དཔེ་བལྟ་ས་ཞིག་རེད་བསམ་གྱི་ཡོད།
དྲི་བ། རིན་པོ་ཆེས་སྐབས་གསུམ་པའི་དབུ་འཛིན་གཟི་བརྗིད་ལྡན་པ་ཞིག་ཆགས་ཡོད་པ་རེད་གསུངས་སོང༌། སྐབས་གསུམ་པའི་དབུ་འཛིན་ྋགྲུབ་དབང་པད་ནོར་རིན་པོ་ཆེ་ཡིན་པས། ད་ཐེངས་ཞིང་ལ་ཕེབས་ཚར་རྗེས་དགོངས་ཚུལ་ག་འདྲ་བྱུང་ཡོད་པ་དང་ཁོང་གིས་མཛད་རྗེས་ག་འདྲ་ཞིག་བཞག་ཡོད་པ་རེད།
ལན། ད་ལྟ་ཁོང་ཞིང་ལ་ཕེབས་ཚར་རྗེས་དཔེ་མི་སྲིད་པའི་བློ་ཕམ་བྱུང་སོང༌། ང་རང་གི་ངོས་ནས་བསམ་བློ་བཏང་ན་ྋསྐྱབས་རྗེ་མཆོག་སྐུ་བསྙུན་གཞི་བཞེས་མ་ཐག་ནས་སེམས་ལ་དཀའ་ངལ་འཕར་མ་ཞིག་བྱུང་ནས་བརྟན་བཞུགས་རིམ་པ་གསུམ་ཕུལ་ཡོད་ཀྱང་རང་ཅག་ལས་དང་བསོད་ནམས་དམན་པས་ཕན་ཆེན་པོ་ཞིག་ཐོགས་མ་སོང༌། དེ་རྗེས་སྐུ་མྱ་ངན་ལས་འདས་པའི་ཡིད་སྐྱོའི་གནས་ཚུལ་དེ་ཐོས་མ་ཐག་གདན་ས་ལ་ཆེད་ཕེབས་ཀྱིས་གདུང་མཆོད་ཅིག་འབུལ་རྒྱུ་ལས་གཞན་ཐབས་ཤེས་བྱེད་ཐབས་མ་བྱུང༌། སྔོན་མ་ཡིན་ན་རྙིང་མ་པའི་བྱ་བ་གང་ཞིག་ཡོད་ན་དོ་ཁུལ་དང་སེམས་ངལ་གང་ཡང་ཡོད་མ་མྱོང༌། ཐམས་ཅད་ཁོང་གིས་གནང་འགྲོ་ཡི་རེད་ལ་ཁོང་གི་འགོ་ལ་ཚང་མ་ཕར་གཡུག་བཞག་ནས་སེམས་པ་ལྷོད་ལྷོད་བྱེད་མྱོང༌། ཁོང་གི་མཛད་རྗེས་ཟེར་ན་འདྲ་རླབས་ཆེ་བའི་མཛད་འཕྲིན་འདི་དང་འདི་ཞེས་བཤད་ཐུབ་པ་ཞིག་མ་རེད་ཚང་མས་མཐོང་བཞིན་པ་ཞིག་རེད། སྔོན་མ་ང་ཚོ་རྙིང་མ་པ་ལ་མ་དགོན་དྲུག་ཟེར་རྒྱུ་ཞིག་ཡོད་རེད། ཡིན་ན་ཡང་ད་ཐེངས་ཕྱི་མིག་ཅིག་བལྟས་ནས་བསམ་བློ་བཏང་ཡོང་ན་དུས་རབས་ཀྱི་འགྱུར་ལྡོག་སྣ་ཚོགས་བྱུང་བའི་དབང་གིས་རྙིང་མ་པའི་རྒྱལ་བསྟན་ལ་ཕན་ངེས་པའི་གདན་ས་ཟེར་རྒྱུ་དེ་གངས་ལྗོངས་མཁས་པའི་གདན་ས་གསེར་རྟ་བླ་རུང་ཆོས་སྒར་དེ་འཛམ་གླིང་ནང་བསྟན་སློབ་གྲྭ་ཞེས་པའི་མཚན་སྙན་ཐོབ་པ་བཞིན་ཧ་ལས་པའི་སྤྱིར་རིས་སུ་མ་ཆད་པའི་རྒྱལ་བསྟན་ཡོངས་རྫོགས་ཀྱི་མ་ཡུམ་ཞིག་དང། ཁྱད་པར་སྔ་འགྱུར་རང་ལུགས་ལ་འགྲན་ཟླ་བྲལ་བའི་རླབས་ཆེ་བའི་གཟི་བརྗིད་ཅིག་སྤེལ་འདུག དེ་བཞིན་ཐེག་མཆོག་རྣམ་གྲོལ་གླིང་གིས་ཀྱང་ཁ་ཡོད་ལག་ཡོད་ཀྱིས་སྔ་འགྱུར་རྙིང་མ་པས་མཚོན་རིས་མེད་རྒྱལ་བསྟན་ཡོངས་ལ་མཛད་རྗེས་མངོན་པར་བཀྲ་བ་བཞག་ཡོད་པ་འདི་རེད། དེ་འདྲ་ཡིན་དུས་ྋསྐྱབས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་དང་ཁོང་པ་རྣམ་པ་གཉིས་ནས་དུས་རབས་ཐུང་ངུ་དེ་འདྲ་ཞིག་གི་ནང་ཧ་ལས་པའི་བྱས་རྗེས་ཆེན་པོ་བཞག་ཡོད་པ་ཁ་བ་གངས་ཅན་པ་ཡོངས་དང་ཁྱད་པར་སྔ་འགྱུར་པ་དག་གིས་བཀའ་དྲིན་རྗེས་དྲན་བྱེད་དགོས་པ་ཞིག་རེད་འདུག་ལ། དེ་ལྟར་ཡིན་པ་ལྟར་ཁ་སྔོན་གདན་ས་ཆེན་པོ་སེ་ར་ནས་དགེ་འདུན་པ་བཞི་སྟོང་ལྷག་ཆེད་ཕེབས་ཀྱིས་གདུང་མཆོད་ཕུལ་འདུག དེ་ཚོ་དཔེ་མི་སྲིད་པའི་ཡག་པོ་རེད་ལ། དེ་ཡང་ད་ཐེངས་ཀྱི་མཁན་རབས་རྣམ་པ་ཚོའི་མཛད་རྗེས་རེད། ང་ཚོ་ཆོས་ལུགས་གྲུབ་མཐའ་ཚང་མ་གཅིག་སྒྲིལ་གྱིས་བསོད་ནམས་བསགས་འོང་ན་རང་རེའི་བསམ་དོན་ལྷུན་གྱིས་གྲུབ་ཡོང་བ་དང༌། དེ་ལས་ཆོལ་ཁ་ཆོས་ལུགས་གྲུབ་མཐའ་ཕྱོགས་རིས་དང་ནང་འཁྲུགས་སོགས་ཀྱིས་གཡེང་བསྡད་ན་ཆོས་སྲིད་ལ་གྱོང་ཆེན་པོ་ཕོག་ཡོད་པ་ང་ཚོས་ཕྱི་མིག་བལྟས་ན་གསལ་བཞིན་པ་དེ་རེད། ང་རང་ལ་བསམ་བློ་བཏང་ན་ྋརྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་དྲིན་ལ་བརྟེན་ནས་ས་དགེ་བཀའ་རྙིང་སོགས་རིས་སུ་མ་ཆད་པའི་དམ་པའི་སྐྱེས་བུ་མང་པོའི་ཞབས་ལ་གཏུགས་པའི་གོ་སྐབས་བཟང་པོ་ཐོབ་པའི་ཉེར་ལེན་ལ་བརྟེན་ནས། བསྟན་པ་ཀུན་ལ་དག་སྣང་དང་གཅིག་ཏུ་ཤེས་པའི་ཡིད་ཆེས་ཕྱིར་མི་ལྡོག་པ་ཞིག་ཡོད་པ་བཞིན་གདན་ས་ཆེན་པོ་གསུམ་ལ་གཞན་དང་མི་འདྲ་བའི་འབྲེལ་ལམ་ཡོད་པ་དང་ཁྱད་པར་སེ་བྱེས་བྱ་བྲལ་ཁང་ཚན་ལ་མཚོན་ན་ང་ཚོ་དང་གཅིག་ལས་གཉིས་སུ་མེད་པའི་འབྲེལ་ལམ་གྱི་བརྒྱུད་རིམ་མང་པོ་ཞིག་ཡོད།
དྲི་བ། སྔ་འགྱུར་རྙིང་མའི་དབུ་འཛིན་ལྔ་པ་བསྐོ་བཞག་བྱེད་མ་ཐུབ་པར་ལོ་ཧྲིལ་པོ་གཅིག་ལྷག་འཁོར་འགྲོ་བར་སྤྱི་ཚོགས་ནང་ནས་འཐུས་ཤོར་རེད་ཅེས་གསུང་མཁན་ཡོད་པ་རེད། དེར་དགོངས་ཚུལ་གང་ཡོད།
ལན། དེར་ང་ལ་འབྲེལ་བ་ཆེན་པོ་མེད་པས་རང་ངོས་ནས་ལན་གསལ་པོ་བཤད་རྒྱུ་མེད། ང་ཚོ་སྔ་འགྱུར་རྙིང་པ་ལ་སྤྱི་འཐུས་གཉིས་དང་རྙིང་མ་སྤྱི་ཁྱབ་ལ་ལས་བྱེད་ཆ་ཚང་བ་ཞིག་ཡོད་རེད། ཁོང་རྣམ་པས་ག་འདྲ་བྱེད་ཀྱི་ཡོད་པ་ང་རང་གིས་གསལ་པོ་ཤེས་མ་སོང༌།
དྲི་བ། རྙིང་མ་པའི་དབུ་འཛིན་རེས་མོས་ཀྱིས་བསྐོ་བཞག་གནང་བཞིན་ཡོད་པ་དང། མུ་མཐུད་དུ་བསྐོ་དགོས་ཚུལ་བརྗོད་མཁན་འདུག་པས། དེའི་སྐོར་ལ་དགོངས་ཚུལ་གང་ཡོད།
ལན། སྤྱིར་དབུ་འཛིན་ཟེར་རྒྱུ་གཙོ་བོ་སྔོན་སོང་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཡོད་པ། གཉིས་སུ་རང་ལུགས་ཀྱི་རིག་གཞུང་ལུགས་ཀུན་ལ་མཐོང་རྒྱ་དང་ཤེས་རྒྱ་ཡོད་པ་གཞིར་བཞག་དེང་དུས་དང་མཐུན་པའི་ཤེས་རིག་ཡོན་ཏན་ཡོད་པ། གསུམ་པ། བསྟན་པ་དང་སེམས་ཅན་གྱི་དོན་ལ་སེམས་ཤུགས་དང་སྙིང་སྟོབས་ཡོད་པ། བཞི་པ། རིས་སུ་མ་ཆད་པའི་བསྟན་པ་ཀུན་ལ་དག་སྣང་ཡོད་པ་སོགས་ཆ་རྐྱེན་ཡང་དག་ཚང་བ་ཞིག་གིས་དབུ་འཛིན་བྱེད་རྒྱུ་གལ་ཆེན་པོ་རེད། རེས་མོས་ཟེར་རྒྱུ་དཔེར་ན་རྙིང་མ་པ་ལ་གདན་ས་ཆེན་པོ་དྲུག་ཡོད་པ་རེད་ལ་དེ་དག་རེས་མོས་བྱས་ནས་དབུ་འཛིན་བསྐོ་བཞག་ཟེར་གྱི་ཡོད་སྲིད། དེ་ལས་རེས་མོས་བྱེད་ས་གཞན་ཡོད་རྒྱུ་མ་རེད།
དྲི་བ། རིན་པོ་ཆེ་སྤྱིར་རྙིང་མ་པའི་བླ་ཆེན་ཞིག་དང་ཡང་སྒཽས་དཔལ་རྒྱལ་བ་རྫོགས་ཆེན་པའི་ཆོས་བརྒྱུད་ཡོངས་ཀྱི་དབུ་འཛིན་ཁྱད་པར་བ་ཞིག་ཡིན་པའི་ཆ་ནས་ད་ཐེངས་རྫོགས་ཆེན་པའི་ཆོས་བརྒྱུད་བུ་དགོན་ག་འདྲ་ཞིག་ཡོད་པ་དང་ཡར་རྒྱས་གོང་འཕེལ་སོགས་ཀྱི་སྐོར་ལ་ཐུགས་བཞེད་ག་འདྲ་ཡོད།
ལན། གྲུབ་དབང་དང་པོ་པདྨ་རིག་འཛིན་ནས་ད་བར་མི་ལོ་སུམ་བརྒྱ་ལྷག་གི་རིང་ལ་རྫོགས་ཆེན་དགོན་ལག་སུམ་བརྒྱ་ལྷག་ཅིག་བྱུང་ཡོད་པ་རེད། སྔོན་མ་རྫོགས་ཆེན་དགོན་གཞིས་བཞུགས་རྣམས་ཀྱིས་རེ་འདོད་བཞིན་ལན་གཅིག་རང་དགོན་ལ་ཕར་འགྲོ་མྱོང་ཡང། དུས་ཚོད་ཐུང་དྲགས་པ་དང་ཁོར་ཡུག་གི་རྐྱེན་གྱིས་བུ་དགོན་ཚང་མར་འགྲོ་མ་ཐུབ་ལ། ད་ཐེངས་རྒྱལ་ཕྱི་ནང་གི་བཀག་འགོག་སོགས་ཀྱིས་བུ་དགོན་རྣམས་ལ་འབྲེལ་ལམ་དང་དགོན་པ་སོ་སོའི་མིང་དང་ལོ་རྒྱུས་བསྡུ་རུབ་བྱེད་པར་དཀའ་ལས་ཆེན་པོ་འདུག་ཀྱང། དགོན་ལག་འགའ་ཞིག་གི་ལོ་རྒྱུས་རྙེད་སོན་བྱུང་སོང། འབྱུང་འགྱུར་བུ་དགོན་ཚང་མའི་ལོ་རྒྱུས་བསྡུ་རུབ་དང་འབྲེལ་གཏུགས་གང་མང་བྱེད་རྒྱུ་ཐབས་ཤེས་བྱེད་བཞིན་ཡོད། རང་ལ་རེ་ལྟོས་བྱེད་པའི་བུ་དགོན་ཡོངས་ཀྱིས་བུ་གཅིག་པའི་མ་ལྟར་བརྩེ་བས་ཡིག་ངག་གཉིས་ཀྱི་འབྲེལ་ལམ་དང་རེ་སྒུག་བྱེད་བཞིན་ཡོད་ན་ཡང། རྒྱལ་ཕྱི་ནང་གི་དུས་ཀྱི་འགྲོ་མཚམས་འདི་དང་བསྟུན་དགོས་ཚེ་འབྲེལ་ལམ་བྱེད་མ་ཐུབ་པར་སེམས་ཕམ་ཡོད་ཀྱང་གནས་སྐབས་ཐབས་ཤེས་མི་འདུག རྒྱ་བལ་བོད་འབྲུག་སོགས་གང་སར་གནས་པའི་ྋགྲུབ་དབང་རྫོགས་ཆེན་པའི་དགོན་ལག་ཡོངས་ཀྱི་དགོན་བདག་ཚོས་བུ་དགོན་རྣམས་ཀྱི་མིང་དང་ལོ་རྒྱུས་ཉུང་བསྡུས་རེ་བསྐུར་འོང་ན་རིམ་བཞིན་ཡར་རྒྱས་གོང་འཕེལ་གང་དགོས་སོགས་ལ་བསམ་གཞིག་བྱེད་ཀྱི་ཡོད། རང་ངོས་ནས་གྲུབ་དབང་རྫོགས་ཆེན་པར་ལས་དང་སྨོན་ལམ་གྱིས་འབྲེལ་ཞིང་ཁྱད་པར་ྋགྲུབ་དབང་རྫོགས་ཆེན་པ་ཆེན་པོའི་མཚན་གྱི་ཅོད་པཎ་ཐོད་དུ་བཅངས་པའི་ཆ་ནས་ཚེ་འདིར་རྒྱལ་བསྟན་སྤྱི་དང་ཡང་སྒཽས་རྙིང་མའི་བསྟན་པ་ལ་ཞབས་ཞུ་རེ་འགྲུབ་ན་བསམ་པའི་སྨོན་ལམ་ཟབ་མོ་རྣམ་ཀུན་འདེབས་ཀྱི་ཡོད། ¿0f0b]བ་བཞག་ཡོད་པ་འདི་རེད། དེ་འདྲ་ཡིན་དུས་ྋསྐྱབས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་དང་ཁོང་པ་རྣམ་པ་གཉིས་ནས་དུས་རབས་ཐུང་ངུ་དེ་འདྲ་ཞིག་གི་ནང་ཧ་ལས་པའི་བྱས་རྗེས་ཆེན་པོ་བཞག་ཡོད་པ་ཁ་བ་གངས་ཅན་པ་ཡོངས་དང་ཁྱད་པར་སྔ་འགྱུར་པ་དག་གིས་བཀའ་དྲིན་རྗེས་དྲན་བྱེད་དགོས་པ་ཞིག་རེད་འདུག་ལ།
དྲི་བ། དེས་དུས་སྤྱི་ཚོགས་ཁྲོད་སྤྲུལ་སྐུའི་ལམ་ལུགས་འདིའི་སྒང་ལ་ལབ་གླེང་མང་པོ་ཡོད་རེད། ཆོས་ཚོགས་ཐེངས་བཅུ་པའི་བགྲོ་གླེང་གཙོ་བོ་ཡང་འདིའི་སྐོར་རེད་འདུག བཀའ་ཁྲི་མཆོག་གིས་ཀྱང་དམིགས་བསལ་གྱིས་གྲོས་འགོ་མང་པོ་བཏོན་ཡོད་པའི་སྐོར་ལ་རིན་པོ་ཆེར་དགོངས་ཚུལ་གང་ཡོད།
ལན། ཡང་སྲིད་བཙལ་ཟེར་བ་འདི་ཧ་ཅང་དཀའ་ལས་ཁག་པོ་ཞིག་རེད། སྔོན་མ་ཡིན་ན་བླ་མ་ཚད་ལྡན་ཞིག་དང་གྲུབ་མཐའ་གང་རུང་གི་གནད་ཡོད་མི་སྣ་ཞིག་མ་གཏོགས་སུ་དང་གང་གིས་ཡང་སྤྲུལ་འཚོལ་བའི་སྲོལ་ཡོད་པ་མ་རེད། ད་ཐེངས་ཡང་སྲིད་འཚོལ་བ་འདི་ཆབ་སྲིད་དང་ཧ་ཅང་འབྲེལ་ཆེ་བའི་སྐྱོན་གྱིས་མི་རེའི་ངོས་ནས་ཡང་སྲིད་རེ་འཚོལ་རྒྱུ་ལས་གཞན་དབང་ཚད་གང་ཡང་ཡོད་དགོས་པ་མ་རེད། དེའི་སྐྱོན་གྱིས་སྤྲུལ་སྐུ་གཅིག་ལ་ཡང་སྲིད་མང་པོ་ཞིག་འབྱུང་གི་ཡོད་ལ། སྤྲུལ་སྐུ་དེ་ཚོ་ཕལ་ཆེར་དཔོན་པོ་དང་བླ་ཆེན་དཔལ་འབྱོར་ཅན་ཚོར་འཁྲུངས་འགྲོ་ཡི་ཡོད་དུས་སྤྲུལ་སྐུའི་ལམ་ལུགས་ལ་རྙོག་གྲ་འབྱུང་གི་འདུག སྤྲུལ་སྐུ་ལ་སྔོན་སོང་གི་བརྒྱུད་རིམ་སོགས་གང་ཡང་མེད་ན་ཡང། བླ་རྒན་ཞིག་ཡིན་ཚར་དུས་སྤྲུལ་སྐུ་འཚོལ་གྱི་འདུག ཆོས་བརྒྱུད་གཞན་གྱིས་ཆོས་བརྒྱུད་གཞན་གྱི་སྤྲུལ་སྐུ་ངོས་འཛིན་བྱེད་པ་སོགས་སྤྲུལ་སྐུ་ཟེར་བ་ཆར་རྗེས་ཤ་མོ་བརྡོལ་བ་བཞིན་འབྱུང་གི་འདུག ང་རང་གིས་བསམས་ན་ཆོས་རིག་ལས་ཁུངས་སོགས་གནད་ཡོད་མི་སྣ་ཡོངས་ཀྱིས་གསུངས་པ་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱིས་རྩ་བའི་འགན་ཁུར་ནས་མ་འོངས་པར་སྤྲུལ་སྐུའི་ལམ་ལུགས་སྐོར་ཆོས་ལུགས་རང་རང་གི་དབུ་འཛིན་གང་ཡིན་པ་དེ་ལས་གཞན་པའི་ཆོས་བརྒྱུད་གཞན་གྱིས་སྤྲུལ་སྐུ་ངོས་འཛིན་མི་བྱེད་རྒྱུ་རེ་བྱུང་ན་ཡང་སྲིད་མང་པོ་འབྱུང་དོན་མེད། ཁྱད་པར་རྙིང་མ་པ་ལ་བསམ་བློ་བཏང་ན་གདན་ས་ཆེན་པོ་དྲུག་གིས་མཚོན་གདན་ས་རང་རང་གི་འགན་འཛིན་གང་ཡིན་པ་དེའི་རང་རང་གི་ཆོས་བརྒྱུད་ཀྱིས་ཡང་སྲིད་འཚོལ་བའི་དབང་ཚད་ཡོད་པ་ལས་གཞན་སུ་གང་གིས་འཚོལ་སྒྲུབ་མི་བྱེད་རྒྱུའི་སྒྲིག་གཞི་རེ་གཞི་འདང་ཐུབ་ན་བསམ་ཡོད།
དྲི་བ། མཇུག་མཐར་རིན་པོ་ཆེས་བང་ཆེན་གསར་ཤོག་འདི་བརྒྱུད་སྤྱི་ཚོགས་ལ་བཀའ་སློབ་ལམ་སྟོན་ཞིག་གནང་རོགས།
ལན། བཀའ་སློབ་ལམ་སྟོན་ཟེར་ན་འདྲ་སྐྱ་སེར་ཀུན་གྱིས་ཆོལ་ཁ་ཆོས་ལུགས་སོགས་ཀྱི་རྩོད་རྙོག་ལ་མི་གཡེང་བར་རང་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་སྐད་དང་ཡི་གེ་ཡུལ་སྲོལ་གོམས་གཤིས་བཟང་པོ་རྣམས་མི་ཉམས་རྒྱུན་སྐྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད་པ་རེད། གྲྭ་པ་དང་བཙུན་མ་ཡིན་ན་རང་གི་ཡུལ་སྲོལ་བཟང་ཕྱོགས་རྣམས་གཞི་ལ་བཞག་ནས་རྒྱལ་བསྟན་འཛིན་སྐྱོང་སྤེལ་རྒྱུ། མི་སྐྱ་ཞིག་ཡིན་ན་རང་གི་ཕ་མེས་ཀྱི་ཡ་རབས་བཟང་སྤྱོད་གང་ཡོད་པ་དེ་རྒྱུན་སྐྱོང་བྱེད་རྒྱུ་འོས་སུ་བབས་ཡོད་པ་ཤེས་པར་བྱ་དགོས་པ་ལས་རྒྱལ་ཁབ་གཞན་གྱི་རིག་གཞུང་ལ་ཁ་གཡར་ནས་རང་གི་ཕ་མེས་ཀྱི་ཡ་རབས་སྤྱོད་བཟང་ཁྱད་པར་སྐད་དང་ཡི་གེ་རྣམས་བརླགས་ཤོར་ན་ངོ་ཚ་དང་གླེན་ལྐུགས་རེད། ཁྱད་པར་གསར་སྐྱེས་ན་གཞོན་རྣམས་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་སོན་རྩ་ཡིན་ཙང་དེ་བས་སེམས་ཤུགས་ཆེར་བསྐྱེད་ཀྱིས་མི་རིགས་རྒྱུད་འཛིན་དང་མི་རིགས་ཀྱི་སྣེ་འཁྲིད་པ་ཡིན་པ་ཤེས་དགོས། དེ་བཞིན་བང་ཆེན་གསར་ཤོག་ལ་ང་རང་གིས་བལྟ་ཀློག་བྱེད་ཀྱི་ཡོད། འདི་བདུན་རེ་བདུན་རེ་ནས་དཔར་སྐྲུན་བྱེད་ཀྱི་ཡོད་པ་དང། ཁྱད་པར་ང་ཚོའི་སྤྱི་ཚོགས་ཁོར་ཡུག་ཧ་ཅང་རྒྱ་ཆུང་ནས་གསར་འགྱུར་གྱི་ལས་རིམ་དུས་ཚོད་ཐུང་ངུ་ཞིག་གི་ནང་ལ་བསྡུ་རུབ་བྱེད་པར་དཀའ་ངལ་ཆེ་ན་ཡང་བང་ཆེན་གསར་ཤོག་འདི་དཔེ་མི་སྲིད་པའི་གསར་འགྱུར་སྣ་མང་འཛོམས་པའི་སྟོབས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་ལ་བླ་ན་མེད་པའི་བྱས་རྗེས་མངོན་པར་བཀྲ་བ་བཞག་འདུག་པས། འབྱུང་འགྱུར་དེ་ལས་ལྷག་པའི་བརྩོན་པ་བླ་ལྷག་སྤེལ་རྒྱུ་རྩོམ་སྒྲིག་པ་གཙོས་ལས་བྱེད་ཐུན་མོང་ལ་རེ་སྐུལ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་དང། མཇུག་མཐར་ཆོལ་གསུམ་སྤུན་ཟླ་ཡོངས་ཀྱིས་སྟོབས་ཤུགས་དང་ནུས་པ་གཅིག་ཏུ་བསྒྲིལ་ནས་རིང་ནས་ཡིད་ལ་བརྣག་པའི་བསམ་དོན་ལྷུན་གྱིས་འགྲུབ་ཅིང་ཁྱད་པར་མཚུངས་མེད་རིགས་ཀྱི་གཏེར་མཛོདྋརྒྱལ་དབང་ཐམས་ཅད་མཁྱེན་པ་གཙོས་བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་པ་རྣམས་སྐུ་ཚེ་བརྟན་པའི་སྨོན་འདུན་ཟབ་མོ་ཞུ་བཞིན་ཡོད།།

ཕྱི་ལོ་ ༢༠༠༩ ལོར་བོད་ཀྱི་བང་གསར་འགོད་པས་བཅར་འདྲི་བྱས་པ།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

Menu