དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ།
འདིའི་འཁྲུངས་ཡུལ་དང་། ཡབ་ཡུམ་གྱི་མཚན་སོགས་ལ་མི་འདྲ་བ་མང་དུ་སྣང་ཡང་ཐང་ཡིག་ལྟར་ན། ཡབ་ནམ་མཁའ་ཡེ་ཤེས་དང་། ཡུམ་གནུབས་མོདགེ་བ་འབུམ་གྱི་སྲས་སུ། སྒྲགས་ཀྱི་གྲོང་མོ་ཆེར་འཁྲུངས། རུས་མཁར་ཆེན་ཏེ། འཁྲུངས་ཡུལ་དེར་སྐུ་གཞོན་ནུའི་དུས་ཀྱི་ཞབས་རྗེས་དང་། བླ་མཚོ་ཆུང་ངུ་ཞིག་ཀྱང་ཡོད། སྔོན་རྒྱལ་པོའི་བཙུན་མོ་ཡིན་ཡང་སློབ་དཔོན་ལ་དབང་ཡོན་དུ་ཕུལ་བས་གུ་རུའི་ཐུགས་ཀྱི་གཟུང་མར་གྱུར།
སློབ་དཔོན་དང་མཇལ་ཚུལ་ལ་ཡང་མི་འདྲ་བ་སྣ་ཚོགས་ཡོད་མོད། མེ་ཏོག་ཕུར་པའི་དཀྱིལ་འཁོར་ལ་ཕོག་པས་རྡོ་རྗེ་ཕུར་པུའི་ལྷ་ཚོགས་རྣམས་ཀྱིས་ཞལ་གཟིགས་ཤིང་གྲུབ་པ་བརྙེས་པས་ཕ་མེས་ཀྱི་ཟ་འདྲེ་བཏུལ། བསད་གསོ་གྲུབ་པས། མཚོན་གྱིས་བསད་པའི་མི་རོ་གསོན་པོར་བསླངས་ནུས། སྐུ་གཞོན་དུས་ཆོས་ལ་བར་ཆད་བྱེད་པའི་བདུད་བློན་ཤ་ཏ་ཟེར་བ་དམྱལ་བར་སོང་བས་དེ་འདྲེན་ཕྱིར་དམྱལ་བའི་ཡུལ་དུ་བྱོན་ནས་དམྱལ་བའི་ལྕགས་ཁང་གི་རྩར་ཞི་ཁྲོ་ན་རཀ་དོངས་སྤྲུགས་ཀྱི་དཀྱིལ་འཁོར་བཞེངས་པས་ལྕགས་ཁང་སིལ་གྱིས་ཞིག་ནས་ཤ་ཏས་གཙོས་པའི་དམྱལ་བའི་སེམས་ཅན་ཐམས་ཅད་དྲོངས་ཏེ་དམྱལ་ཁམས་ལན་གཅིག་སྟོང་བར་མཛད། སློབ་དཔོན་ཆེན་པོའི་གསུང་གསང་བསམ་མི་ཁྱབ་པའི་ཆོས་སོ་ཆོག་གི་བཀའི་བསྡུ་བ་མཛད་ཅིང་། བོད་ཡུལ་དུ་ལོ་ཉིས་བརྒྱར་འགྲོ་དོན་བསྐྱངས་ནས་སྐུ་དེ་ཉིད་མ་སྤངས་པར་མཁའ་སྤྱོད་བཟང་མདོག་དཔལ་རིར་གཤེགས་ཏེ་གུ་རུའི་ཐུགས་ཀྱི་གཟུང་མར་བཞུགས་ཤིང་བོད་ཡུལ་འགྲོ་ལ་བཀའ་དྲིན་འགྲན་ཟླ་མེད་པའི་མ་གཅིག་ཡིད་བཞིན་ནོར་བུའི་དེའོ། །གཤེགས་ལོ་སོགས་ལའང་སྣ་ཚོགས་སྨྲ་བ་སྣང་ཡང་འདིར་ཡོངས་གྲགས་ལྟར་བྱས་པའོ། །