སྐུ་བལྟམས་པ་དང་བྱིས་པའི་དུས་ཀྱི་མཛད་པ།
རིས་མེད་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བསྟན་པའི་གསལ་བྱེད་འདུལ་འཛིན་མཁས་གྲུབ་གཉིས་ལྡན་ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་ནི།ཕྱི་ལོ་༡༩༣༣བོད་རབ་རྒྱལ་ཆུ་བྱ་ཆོ་འཕྲུལ་ཟླ་བའི་ཚེས་༣ལ་ཡབ་ལྕགས་ཁུང་པད་ཏེ་དང༌།ཡུམ་གནུབས་བཟའ་གཡུ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དགུང་གྲངས་དྲུག་བདུན་ནས་ཡི་གེ་འབྲི་ཀློག་བསླབ་པས་ལྷག་པའི་ལྷའི་བྱིན་རླབས་ལ་བརྟེན་ནས་དཀའ་ཚེགས་གང་ཡང་མེད་པར་མཁྱེན།ཆོས་རྗེ་མཆོག་དགུང་གྲངས་བརྒྱད་ནས་ཡབ་དགོངས་པ་རྫོགས་ཤིང་ནང་མི་རྣམས་ཀྱི་འཚོ་བ་ཤིན་ཏུ་སྐྱོ་བས་སྐུ་ངལ་ཚད་མེད་མྱངས།།

སྐུ་རབ་ཏུ་བྱུང་ཞིང་བློ་གྲོས་ཀྱི་རྩལ་རྒྱས་པ།
ཆོས་རྗེ་མཆོག་དགུང་གྲངས་༡༤ཐོག་གླག་བྲག་རྫོང་དགོན་པའི་མཁན་པོ་བསོད་ནམས་རིན་ཆེན་ལས་རབ་ཏུ་བྱུང་ཞིང༌།མཚན་ལ་ཐུབ་བསྟན་ལེགས་བཤད་བཟང་པོ་ཞེས་གསོལ།རྗེ་དེ་ཉིད་ལས་སྤྱོད་འཇུག་ཆེན་མོ་སོགས་གཞུང་ལུགས་ཆེན་པོ་དག་ལ་ཐོས་བསམ་གྱི་དབུ་འཛུགས་གནང་སྟེ།ཉིན་རེ་ལ་ལྡེབ་མ་མདའ་ཚད་མ་བཅོ་ལྔ་ཡས་མས་ཐུགས་འཛིན་མཛད་ནས་གཞུང་ཆེན་དག་བློ་ལ་བྱང་ཞིང༌།དགེ་བའི་བཤེས་གཉེན་དུ་མ་ལས་ཐོས་བསམ་ལ་བར་མེད་དུ་བརྩོན་པས་མཁྱེན་རབ་ཀྱི་རྩལ་རབ་ཏུ་རྒྱས།དུས་འདི་ཙམ་ནས་འཆད་རྩོད་རྩོམ་པ་ལ་རང་དབང་འབྱོར་ཏེ་སྤོབས་པའི་གཏེར་ཆེན་བརྒྱད་ཀྱི་སྒྲུབ་ཐབས་དང༌།འཇམ་དཔལ་ཡེ་ཤེས་སེམས་དཔའི་རལ་གྲི་ལ་ཕྱི་ནང་གསང་གསུམ་གྱི་བསྟོད་པ་སོགས་སྙན་ལ་ཟབ་པའི་ལྗགས་རྩོམ་མང་པོ་གནང་ཡོད་ཀྱང༌།དུས་དབང་གིས་ད་ལྟ་ཀུན་མཁྱེན་མི་ཕམ་པའི་སྒྲུབ་ཐབས་འོད་གསལ་ཐེག་པའི་ཉིང་ཁུ་ཙམ་མ་གཏོགས་བཞུགས་མེད་པ་འདྲ།དགུང་གྲངས་བཅོ་ལྔ་ནས་འོད་གསལ་རྫོགས་པ་ཆེན་པོ་ལ་ཐུན་མོང་མ་ཡིན་པའི་མོས་གུས་འཁྲུངས་ཏེ།འཇམ་མགོན་མི་ཕམ་པ་ལ་གསོལ་བ་ཕུར་ཚུགས་སུ་བཏབ་ཅིང་ཆོས་རྗེ་མི་ཕམ་པའི་ཞལ་ལུང་སེམས་ངོ་མཛུབ་བཙུགས་ཀྱི་གདམས་པ་ལ་བརྟེན་ནས་སེམས་ཀྱི་རང་བཞིན་གཉུག་མ་དོན་གྱི་ཡེ་ཤེས་ངོ་འཕྲོད་ཅིང༌།སྒྲོ་འདོགས་ཀྱི་འཆིང་བ་ལས་གྲོལ་ཏེ་ངེས་གསང་ཨ་ཏི་ཡོ་གའི་བསྟན་པའི་བདག་པོ་ཉིད་དུ་གྱུར་ནས་ངག་དབང་བློ་གྲོས་མཚུངས་མེད་ཅེས་པའི་མཚན་དང་བཅས་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ་ནའང༌།སྦས་པའི་བརྟུལ་ཞུགས་བཟུང་ཞིང་ཆོས་དང་བཤེས་གཉེན་ལ་གལ་ཆེའི་འདུ་ཤེས་བསྐྱེད་པའི་ཆེད་དམ་པ་དུ་མའི་ཞབས་ལ་གཏུགས་ནས་དཀའ་སྤྱད་ལྷོད་མེད་དུ་མཛད།།
གཏེར་ཆེན་ལས་རབ་གླིང་པའི་ཡང་སྤྲུལ་དུ་ངོས་འཛིན་གནང་བ།
རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དབུ་བླ་རུ་གྱུར་པ་ཉག་བླ་བསོད་རྒྱལ་ལམ།གཏེར་ཆེན་ལས་རབ་གླིང་པ་རང་ཉིད་ཀྱི་སྐུ་སྐྱེ་ཕྱི་མ་ངོས་འཛིན་གྱི་ཆེད་དུ་མི་འགྱུར་བའི་རྟགས་བདུན་གྱི་སྒོ་ནས་གསལ་བར་མཛད་ཡོད་པ་དང༌།དེ་ཡང༌།གནས་མི་འགྱུར་(1)ཆོས་ཀྱི་འབྱུང་གནས་སུ༔མདངས་མི་འགྱུར་(2)གཡུ་ཡི་མཚོ་མོ་ལ༔རིགས་མི་འགྱུར་(3)པདྨའི་སྡོང་པོའི་རྩེར༔སྔགས་སྣ་ནམ་སྤྲུལ་བའི་ཁྱེའུ་མཆོག༔ལོ་མི་འགྱུར་(4)མཁའ་ལྡིང་བྱ་ལ་བལྟམས༔ལུས་མི་འགྱུར་(5)ལག་མཐིལ་མཁའ་འགྲོའི་དལ༔ངག་མི་འགྱུར་(6)སྡེ་སྣོད་རྒྱ་མཚོས་བརྒྱན༔སེམས་མི་འགྱུར་(7)ཆོས་སྐུའི་རང་ངོ་འཕྲོད༔དེ་རང་ལོ་ཉེར་དྲུག་ཉེར་བདུན་ལ༔སྨན་བདུད་རྩིའི་དཔལ་འཛིན་ཆོས་དབྱིངས་མས༔ལས་སྨོན་དང་ཐབས་ཀྱིས་བསྐུལ་བྱས་ནས༔ཟབ་གཏེར་ལྔའི་སྒོ་འཕར་འབྱེད་ནུས་ན༔དུས་འཁྲུགས་ཀྱི་མུན་ནག་དབྱིངས་སུ་ཡལ༔བོད་གངས་ཅན་ལ་སྐྱིད་པའི་ཉི་མ་འཆར༔ཞེས་མི་འགྱུར་བའི་རྟགས་བདུན་གྱིས་གསལ་བར་ལུང་བསྟན་པ་བཞིན།གནས་མི་འགྱུར་ཆོས་ཀྱི་འབྱུང་གནས་སོགས་ནི་གང་དུ་འཁྲུངས་པའི་ཡུལ་རྡོ་ཁོག་རྫུ་མེད་(1)ཆོས་ལྷས་དང༌།ཡུམ་གྱི་མཚན་ལ་(2)གཡུ་མཚོ་དང༌།ཡབ་ཀྱི་མཚན་ལ་(3)པད་ཏེ།ཆོས་རྗེ་ཡིད་བཞིན་ནོར་བུའི་དགུང་སྙིང་(4)བྱ་ཡིན་པ་དང༌།ཕྱག་མཐིལ་དུ་(5)ཆོས་འབྱུང་ཟུར་དྲུག་པའི་རི་མོ་གསལ་བར་དོད་ཡོད་པ།གསུང་ལ་མདོ་སྔགས་(6)རྒྱུད་སྡེ་རྒྱ་མཚོས་བརྒྱན་ཏེ་སྐལ་ལྡན་གྱི་སྐྱེ་བོ་རྣམས་སྨིན་གྲོལ་ལ་འགོད་པ་དང༌།ཐུགས་མི་འགྱུར་བའི་རྟགས་སུ་(7)ཆོས་སྐུའི་རང་ངོ་འཕྲོད་ཡོད་པ་སོགས་མི་འགྱུར་བའི་རྟགས་བདུན་གྱིས་སྐུ་སྐྱེ་ཕྱི་མ་ངོས་འཛིན་གསལ་པོ་མཛད་ཡོད་པས་གཏེར་སྟོན་དབང་ཕྱུག་དང༌།གནུབས་ཟུར་སྤྲུལ་སྐུ་པད་མ་ནོར་བུ་སོགས་ཀྱིས་གཏེར་ཆེན་ལས་རབ་གླིང་པའམ་ཉག་བླ་བསོད་རྒྱལ་གྱི་ཡང་སྲིད་དུ་ངོས་འཛིན་ཞུས་ཀྱང༌།སྐབས་དེ་དུས་ཁོང་གི་མི་ཚང་དཔལ་འབྱོར་ཧ་ཅང་སྐྱོ་བས་ཁྲིར་འདོན་སྐུ་བདག་སོགས་ལྟ་སྐྱོང་བྱེད་མཁན་མ་བྱུང་གསུངས།།
མཁན་ཆེན་ཐུབ་བསྟན་ཆོས་འཕེལ་གྱི་ཞབས་ལ་གཏུགས་པ།
དགུང་གྲངས་༡༨སྟེང་རྫ་སྟོད་ལྕང་མ་སྒར་དུ་བྱོན་ཏེ་ཡོངས་ཀྱི་བཤེས་གཉེན་ཁྱབ་བདག་སྒྱུ་འཕྲུལ་པ་ཆེན་པོ་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་གྱི་ཞབས་པད་མཉེས་པ་གསུམ་གྱི་སྒོ་ནས་ཚུལ་བཞིན་བསྟེན་པས་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར།དེ་ཡང་སློབ་མ་རྣམས་ཀྱིས་རང་རྣམ་ཞིག་རྩོམ་པར་བསྐུལ་བའི་ཚེ།ཆོས་རྗེ་མཆོག་གི་ཞལ་ནས་བདག་ལ་འབྲི་འོས་ཀྱི་རྣམ་ཐར་གཞན་མེད་ཀྱང་བླ་མ་དག་གི་ཐུགས་ཟིན་པ་འདི་ངའི་མི་ཚེའི་ནང་གི་རྣམ་ཐར་ཆེ་ཤོས་ཡིན་ཞེས་དང༌།ཁྱད་པར་དུ་ཁོང་གིས་ཐུབ་དགའ་ཡིད་བཞིན་ནོར་བུ་མཆོག་འཇིགས་མེད་རྒྱལ་བའི་མྱུ་གུས་རིག་འཛིན་འཇིགས་མེད་གླིང་པ་བསྟེན་པ་ལྟར་ངས་ཀྱང་ཐུགས་མི་མཉེས་པ་སྤྱན་ལོག་གཅིག་གཟིགས་པ་ཙམ་གྱི་རྒྱུ་ཡང་བསྒྲུབས་པ་མེད་ཅེས་གསུངས་པ་བཞིན།ཐུན་མོང་དང་ཐུན་མིན་གྱི་གདམས་པ་ཀུན་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་གནང༌།དམ་པ་དེ་ཉིད་ཀྱིས་དོན་གྱི་རྒྱལ་ཚབ་ཏུ་དབང་བསྐུར་ཞིང་ནང་ཐུགས་ཀྱི་སྲས་གཅིག་ཏུ་གྱུར།དེར་བཞུགས་པའི་སྐབས་དབྱར་དུས་རྣམས་སུ་མེ་གཏན་ནས་མ་བཏང་བར་ཞོ་ཅུང་ཙམ་རེས་བཟའ་བཏུང་གཉིས་ཀྱིས་གོ་ཆོད་པ་མཛད་ཅིང༌།ན་བཟའ་ཧྲུལ་པོ་འབའ་ཞིག་བཞེས་པ་དང་ཉིན་རེ་ཆོས་ཁྲིད་ཐེངས་བདུན་བརྒྱད་རེ་ཁྲིད་པར་མཛད་པ་སོགས་དཀའ་སྤྱད་འབད་བརྩོན་དུ་མ་ལ་བརྟེན་ནས་ཐོས་བསམ་སློབ་གཉེར་རྒྱ་ཆེན་པོ་གནང༌།
དགུང་ལོ་༢༢སུ་སོན་པ་ན་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་མཆོག་གིས་དབུས་དགེ་འདུན་གྲངས་ཚང་བའི་མདུན་དུ་བསྙེན་པར་རྫོགས་ཏེ་གནང་བཀག་གི་བཅས་མཚམས་ཕྲ་མོ་ཚུན་ཆད་མིག་གི་འབྲས་བུ་བཞིན་བསྲུངས་ནས་སྐུ་མྱ་ངན་ལས་མ་འདས་ཀྱི་བར་དུ་ནང་གི་ཉམས་རྟོགས་དང་མི་བསྟུན་པར།བསྟན་པའི་མིག་ལྟོས་ཁོ་ན་ལ་དགོངས་ནས་གདུལ་བྱ་རྣམས་དོན་མཐུན་གྱི་སྤྱོད་པས་བསྡུ་བའི་ཕྱིར་རྟེན་དགེ་སློང་དུ་བཞུགས་པས་འདུལ་བ་འཛིན་པ་ཀུན་གྱི་གཙོ་བོར་གྱུར།སྣང་སྲིད་ཡེ་སངས་རྒྱས་པའི་ལྟ་བ་དང་སྣང་སྤྱོད་དག་པར་རོལ་བའི་རྣལ་འབྱོར་གདེང་དུ་བྱས་ནས་ཡི་དམ་ལྷ་ཡི་བསྙེན་པ་དུང་ཕྱུར་བཅུ་ལྷག་ལྗགས་བཟླས་གནང་བས་མཚོན་བསྙེན་སྒྲུབ་ཚད་དུ་འཁྱོལ།རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་འཁོར་ལྔའི་རླུང་སེམས་ལས་སུ་རུང་ཞིང་སྲོག་རྩོལ་གྱི་རྒྱུ་བ་དབུ་མར་བསྡུས།རོ་རྐྱང་གི་མདུད་པ་རང་སར་གྲོལ།ཐིག་ལེ་གནད་དུ་ཆུན་ཏེ་ཡུངས་འབྲུ་ཙམ་གྱི་ཀུན་དཱ་ཕྲ་མོའང་མི་ཉམས་འཕོ་མེད་ཀྱི་ཚུལ་ཁྲིམས་ལ་མངའ་དབང་འབྱོར་ཞིང༌།དེའི་བོགས་འདོན་དུ་གཞན་ལུས་ཐབས་ལྡན་གྱི་ཉེ་རྒྱུའི་སྤྱོད་པ་ལ་རོལ་བའི་དུས་རྟགས་རྟེན་འབྲེལ་མངོན་དུ་གྱུར་ཀྱང་འདུལ་བསྟན་རིན་པོ་ཆེ་ཉག་ཕྲར་སོང་དེ་ཉིད་སླར་གསོའི་ཆེད་དང་བསྟན་པའི་མིག་ལྟོས་ལ་དགོངས་ནས་བདག་གིར་མ་བཞེས།།
སངས་རྒྱས་ཀྱི་བསྟན་པ་དང་བོད་ཀྱི་རིག་གནས་ལ་མཛད་རྗེས་ཇི་ལྟར་བཞག་པའི་སྐོར།
ཁོང་གིས་བོད་ཕྱི་རབས་པ་རྣམས་ལ་ནུབ་མེད་དུ་བཞག་པའི་མཛད་རྗེས་གཙོ་བོ་ནི།དྲི་མ་མེད་པའི་ལེགས་བཤད་དག་དང༌།ཐུགས་ཟིན་གྱི་ཞལ་སློབ་རྣམས་ཡིན་མོད་ལེ་ཚན་གཞན་དུ་ངོ་སྤྲོད་ཞུ་རྒྱུ་ཡིན།ཐུན་མོང་གདུལ་བྱའི་སྣང་ངོར་མཛད་པ་ཕྲིན་ལས་བསྐྱངས་པའི་སྐོར་ངོ་སྤྲོད་མདོ་ཙམ་ཞུས་ན།དགུང་ལོ་ཉེར་བཞི་ནས་རང་ཡུལ་གསེར་རྟ་གནུབས་ཟུར་དགོན་དུ་ཕེབས་ཏེ་འདུལ་མཛོད་གཉིས་ཀྱི་གཙོས་གཞུང་ཆེན་དག་སློབ་ཁྲིད་གནང་བ་དང༌།བོད་ཡུལ་ཡོངས་ལ་རྒྱ་དམར་གྱི་ངན་བྱུས་སླེབས་ནས་དམ་པའི་ཆོས་ཀྱི་སྣང་བ་བཙན་གྱིས་འཕྲོགས་ཤིང་མུན་ནག་གིས་ཁྱབ་པའི་སྐབས།ཆོས་རྗེ་དམ་པ་ཡང་ར་ལུག་གི་རྫི་བོ་སོགས་མཛད་དགོས་བྱུང་མོད།ཁོང་གིས་དཔའ་མཛངས་ཐབས་མཁས་ཀྱི་མཛད་པ་ལ་བརྟེན་ནས་ཡིད་རྟོན་རུང་བའི་སློབ་མ་དག་ལ་མདོ་སྔགས་གཞུང་བཤད་སོགས་སྲོག་བསྡོས་ཀྱིས་ཉི་མ་གཅིག་ལ་བསྟན་པ་གནས་ནའང་ཅི་མ་རུང་སྙམ་པའི་ཐུགས་འདུན་བསྐྱེད་དེ།འཆད་སྤེལ་གནང་བས་ཕལ་ཆེར་ཆོས་ཁྲིད་རྒྱུན་གཅོད་མ་དགོས་གསུངས།དུས་འདི་དག་ན་རབ་བྱུང་རྣམས་བཙན་གྱིས་བསླབ་པ་ལས་ཕབ་པ་དང༌།ཆོས་བྱེད་རྣམས་ཁྲི་མུན་དུ་འཇུག་པ་སོགས་སྐྱེ་བོ་དག་ལོག་པའི་གཡོ་བཀོལ་འབའ་ཞིག་གིས་དུས་འདའ་བར་བྱས་ཀྱང༌།རྗེ་ཉིད་ཀྱི་ཐབས་མཁས་དང་ཆོས་སྐྱོང་གི་ཕྲིན་ལས་ལ་བརྟེན་རང་བཞིན་གྱི་སྡིག་པ་ཕྲ་མོ་ཙམ་ཡང་མཛད་དགོས་མ་བྱུང་ངོ༌།།
རྒྱ་གཞུང་གིས་སླར་ཆོས་སྒོ་ཅུང་ཙམ་ཕྱེ་བའི་སྐབས་ཆོས་རྗེ་མཆོག་གི་ཐུགས་ལ།སྐབས་འདིར་དུས་དབང་གིས་བསྟན་པ་ཆེས་རྙོག་མ་ཅན་དུ་གྱུར་པ་ལ་སངས་རྒྱས་ཀྱི་གསུང་དཔང་པོར་མཛད་དེ།དུས་སུ་བབ་པའི་དག་ཐེར་གནད་སྨིན་བྱེད་མ་ཐུབ་ན།མེ་ཤི་བའི་དུ་བ་ལྟ་བུའི་བསྟན་པའི་ལྷག་འཕྲོ་ཅུང་ཟད་འདིའང་རུལ་སུངས་དང་སླད་ཅན་འབའ་ཞིག་ཏུ་གྱུར་པའི་དབང་གིས་བསྟན་ཞབས་མྱུར་དུ་སྡུད་པར་དགོངས་ནས།ཡང་དར་བསྟན་པའི་གཞི་ཐོག་མ་བཙུགས་ཏེ་རྒྱལ་བསྟན་ལ་དག་ཐེར་མཛད་ཅིང་བླང་དོར་གྱི་མིག་ཕྱེས་ཏེ།ཡོན་ཏན་ཐམས་ཅད་གཞི་རྟེན་ཚུལ་ཁྲིམས་ཡིན་པས་བསྐྱེད་རྫོགས་ཀྱི་ཡོན་ཏན་མངོན་གསལ་ཅན་རེ་ཟུང་མ་གཏོགས་ཐམས་ཅད་རབ་བྱུང་ངུར་སྨྲིག་འཛིན་པར་བསྒྱུར།དེ་དག་ཀྱང་འདུལ་ལུང་དང་རྒྱུད་སྡེ་རྣམས་ནས་གསུངས་པ་བཞིན་སོ་སོར་ཐར་པའི་སྡོམ་པ་དང༌།སྔགས་ཀྱི་དམ་ཚིག་སྔར་ཉམས་པ་སླར་གསོ་རུང་བ་རྣམས་གསོས།གསོར་མི་རུང་བ་རྣམས་སྡིག་ལྟུང་འདག་པའི་ཐབས་ལ་བརྩོན་དགོས་པའི་སྐུལ་མ་དང་བཅས་དགེ་འདུན་གྱི་ཚོགས་ལས་ཕྱིར་འཕུད་མཛད།རབ་བྱུང་ངུར་སྨྲིག་གི་སྡེ་དང།གོས་དཀར་ལྕང་ལོ་ཅན་གྱི་སྡེ་གཉིས་པོ་དེས་ཀྱང་བྱ་བ་གཞན་ཕལ་ཆེར་བསྐྱུར་ནས་སྡེ་སྣོད་གསུམ་ལ་འཆད་ཉན་སྒོམ་སྒྲུབ་ལྷུར་བླངས་ཏེ་ལུང་རྟོགས་ཀྱི་བསྟན་པ་འབའ་ཞིག་འཛིན་དགོས་པར་སྐུལ་འདེད་གནང་བ་སོགས་སངས་རྒྱས་ཀྱི་གསུང་ཁོ་ན་དཔང་པོར་བཞག་ཡོད།
གཙོ་ཆེ་ཤོས་གསེར་ལྗོངས་བླ་རུང་ཆོས་སྒར་ཆེན་མོ་གསར་འཛུགས་གནང་ནས་སངས་རྒྱས་ཀྱི་བསྟན་པ་ལ་མཛད་རྗེས་འགྲན་ཟླ་བྲལ་བ་བཞག་ཡོད་པ་དང།ཁོང་གི་མཛད་པ་ཕྲིན་ལས་ལ་བརྟེན་ནས་བོད་ཡུལ་སྟོད་སྨད་བར་གསུམ་དང་རྒྱ་ནག་གི་ཡུལ་གྲུ་སོགས་ཁྲིམས་གཙང་ངུར་སྨྲིག་འཆང་བའི་སྡེས་མཛེས་པར་བྱས་པ་དང༌།མཁས་གྲུབ་དམ་པ་མང་དུ་བསྟེན་ནས་རང་དང་གཞན་གྱི་གྲུབ་མཐའི་གནད་ལ་བྱང་ཆུབ་པར་མཛད།གང་གསན་པ་རྣམས་གོ་ཐོས་ཙམ་དུ་མ་བཞག་པར་ལྟ་གྲུབ་ཀྱི་གནད།ལུང་གི་སྒྲུབ་བྱེད།རིགས་པའི་འཕུལ་མཚམས།མན་ངག་གི་ཟབ་ཁྱད་སོགས་རེ་རེ་ནས་འཆད་པ་ལ་ཐོགས་པ་མེད་ཅིང༌།ཁྱད་པར་དུ་ཐུན་མིན་འོད་གསལ་རྫོགས་པ་ཆེན་པོའི་སེམས་ཀློང་མན་ངག་གི་སྡེ་སྤྱི་དང༌།བྱེ་བྲག་མན་ངག་སྡེའི་ཕྱི་ནང་གསང་བ་ཡང་གསང་གི་སྐོར་ཏེ་སྐོར་ཚོ་ཆེན་པོ་བཞིར་གྲགས་པ་དེ་དག་རྒྱུད་ལུང་མན་ངག་དཔང་པོ་བྱས་ནས་སྨྲ་ནུས་པ་ཕྱི་རབས་གདུལ་བྱའི་སྐལ་བར་བཞག་པའི་ལེགས་བཤད་དག་ལས་རྟོགས་ཐུབ།
རྒྱ་ནག་ཏུ་ཆིབས་བསྒྱུར་གནང་ནས་རྒྱ་ནག་གི་ཡུལ་དུ་ནང་པའི་བསྟན་པ་དར་ཁྱབ་ཆེན་པོ་མཛད་པའི་སྒོ་ཕྱེ་བ་དང།རྒྱ་གར་དུ་ཆིབས་བསྒྱུར་གནང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ནས་དབང་བཀའ་དུ་མ་ཕུལ་བ་སོགས་ནང་པའི་གནས་ཆེན་ཁག་ལ་ཆིབས་བསྒྱུར་གནང།དེ་བཞིན་ཨ་རི་དང་ཡུ་རོབ་སོགས་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་མང་པོར་ཆིབས་བསྒྱུར་གནང་ནས་སྐལ་ལྡན་ལས་འཕྲོ་ཅན་མང་པོར་ཆོས་འཁོར་བསྐོར།མདོར་ན་ཁོང་ནི་སྟོན་པ་སངས་རྒྱས་ཀྱི་གསུང་ཁོ་ན་ཚད་མར་བཟུང་ནས་རྒྱལ་བསྟན་རིན་པོ་ཆེ་གཅེས་སྐྱོང་མཛད་མཁན་ཞིག་དང།བོད་མི་རིགས་དང་རིག་གནས་ལ་ཕན་པའི་ཆེད་དུ་ཞལ་ཞེ་གཉིས་མེད་ཀྱིས་སྐུ་ངལ་བཀྱོན་མཁན་ཞིག་ཡིན་པ་ད་ལྟའི་དུས་འདིར་བོད་ཡུལ་ཡོངས་རྫོགས་དང།འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཁོང་གི་ཕྲིན་ལས་ཀྱིས་མ་ཁྱབ་པ་མེད་པར་གྱུར་པ་འདིས་གསལ་སྟོན་གནང་ཡོད།།
ཐུན་མོང་མ་ཡིན་པའི་རྩལ་དང་གྲུབ་རྟགས་ཀྱི་སྐོར།
སྐུ་བལྟམས་པའི་དེ་མ་ཐག་རིགས་སྔགས་ཀྱི་རྒྱལ་པོ་ཨ་ར་པ་ཙ་ན་དྷིཿལན་བདུན་གསུངས་ཤིང༌།ཕྱག་མཐིལ་ལ་མཁའ་འགྲོའི་དལ་དེ་ཆོས་འབྱུང་བསྣོལ་མའི་རི་མོ་དོད་པ་སོགས་གྲུབ་པའི་མཛད་སྤྱོད་ཡ་མཚན་པ་མང་དུ་སྣང་བ་ལ།མཆོག་སྤྲུལ་རིན་པོ་ཆེ་པདྨ་རྡོ་རྗེའི་ཞལ་ནས།བྱིས་པ་འདི་བསྟན་འགྲོར་སྨན་པའི་སྐྱེས་ཆེན་ཁྱད་འཕགས་ཤིག་ལགས་པས་ངོ་མཚར་བའི་ལྟས་རྣམས་རེ་ཞིག་གསང་རྒྱ་མ་བྱས་ན་བར་ཆད་ཡོང་སྲིད་གསུངས་ནས་གསང་རྒྱས་བསྡམས།ཆོས་རྗེ་མཆོག་ལ་མཚོན་ན་སྐུ་ན་གཞོན་པའི་དུས་ནས་གཏེར་གྱི་ལས་འཕྲོ་སད་དེ་སྒྲོམ་བུ་སྣ་ཚོགས་གཏེར་དུ་བཞེས་པ་ད་ལྟའང་མང་པོ་མཇལ་རྒྱུ་ཡོད་པ་སོགས་ཧ་ཅང་མང་ཡང་རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱས།།
འབྲེལ་ཚད་བདེ་བ་ཅན་དུ་འདྲེན་པའི་མཛད་པ།
དེ་ཡང་རྡོ་གྲུབ་ཀུན་བཟང་གཞན་ཕན་(༡༧༤༥་༡༨༢༡)གྱི་མ་འོངས་ལུང་བསྟན་ལས།གསེར་རྔ་དམ་ལྷ་ཡི་བླ་ལུང་དུ།།དཔལ་ཨོ་རྒྱན་གྱི་སྤྲུལ་པ་འཇིགས་མེད་མཚན།།འཁོར་རྣམ་བཞིའི་བྱང་སེམས་སྡེ་ཚོགས་ལ།།ཆོས་མདོ་སྔགས་ཀྱི་བསྟན་པ་ཉི་བཞིན་གསལ།།ཁོང་འགྲོ་དོན་ས་བརྟན་སྤོ་ལ་རེག།།འཁོར་དག་པའི་གདུལ་བྱ་ཕྱོགས་བཅུར་ཁྱབ།།དེར་འབྲེལ་ཀུན་བདེ་ཆེན་ས་ལ་འགོད།།ཅེས་གནས་དུས་སྟོན་འཁོར་དང་ཕྲིན་ལས་ཆོས་ཀྱི་ཆེ་བ་བཅས་འཁྲུལ་མེད་རྡོ་རྗེའི་བཀའ་ལུང་གིས་གསལ་བར་ཟིན་ཅིང༌།ཁྱད་པར་ཕྲིན་ལས་ཀྱི་ཆེ་བ་བཤད་སྐབས་རྗེ་ཉིད་དང་འབྲེལ་བ་ཐོགས་ཚད་བདེ་བ་ཅན་དུ་སྐྱེ་བར་གསུངས་པ་དང༌།གཞན་ཡང་མ་ཎི་བླ་མ་པདྨ་སིདྷི།བཤེས་གཉེན་དམ་པ་བློ་གྲོས།མཆོག་སྤྲུལ་ནམ་མཁའ་འཇིགས་མེད་སོགས་དམ་པ་དུ་མས་ཀྱང་ཁོང་གི་སྐུ་ཚེའི་སྨད་དུ་འབྲེལ་ཚད་བདེ་བ་ཅན་དུ་འདྲེན་པའི་ཕྲིན་ལས་རྒྱས་པར་ལུང་བསྟན་པ་བཞིན།ཕྱི་ལོ་༡༩༨༩ས་སྦྲུལ་ཟླ་༩ཚེས་༡ལ་ཆོས་རྗེ་མཆོག་གིས་ད་ནས་བཟུང་ཀུན་ཀྱིས་བདེ་བ་ཅན་དུ་སྐྱེ་བའི་སྨོན་འདུན་རྩེ་གཅིག་པ་གྱིས།བསགས་སྦྱོང་ལ་འབོད།འོད་མཚན་ས་ཡ་རེ་གྲངས་འཁྱོལ་བར་གྱིས་ལ་བླ་མ་དང་མགོན་པོ་འོད་དཔག་མེད་དབྱེར་མེད་མོས་པའི་དྲུང་བདེ་བ་ཅན་དུ་སྐྱེ་བར་གསོལ་བ་ཐོབ་དང༌།ཆོས་སྤངས་དང་མཚམས་མེད་ཀྱི་ལས་བསགས་པ་རེ་ཡིན་ན་མ་གཏོགས་བདེ་བ་ཅན་དུ་སྐྱེ་བར་བསླུ་བ་མེད་ངེས་ཡིན།དེ་ཡང་བདག་གིས་གང་དྲན་བཤད་པ་ཙམ་མ་ཡིན་པར་བདེ་ཆེན་ཞིང་བཀོད་ཀྱི་མདོ་སོགས་དེ་བཞིན་གཤེགས་པའི་མདོ་རང་ན་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་དང་འབྲེལ་བའི་ཚོགས་གསོག་སྒྲིབ་སྦྱོང་བྱེད་མཁན་གྱི་གང་ཟག་རྣམས་ཞིང་དེར་སྐྱེ་ཚུལ་ཡང་ཡང་གསུངས་ཡོད་པས་ཀུན་གྱིས་ཡིད་ཆེས་གྱིས་ཞེས་གསུངས།དེ་ནས་བཟུང་རྗེ་ཉིད་བོད་ཡུལ་སྟོད་སྨད་བར་གསུམ་དང༌།རྒྱ་ནག་གི་ཡུལ་གྲུ་སོ་སོ།ཨེ་ཤི་ཡའི་རྒྱལ་ཁབ་ཁགདེ་བཞིན་ཨ་མེ་རི་ཀ་དང་ཡོ་རོབ་བཅས་རྒྱལ་ཁབ་ཕྱི་ནང་གང་དུ་ཆིབས་བསྒྱུར་གནང་སྐབས་གཙོ་བོ་བདེ་ཆེན་ཞིང་སྒྲུབ་ལ་བརྟེན་ནས་ཚོགས་གསོག་སྒྲིབ་སྦྱོང་དང༌།དེའི་ཞོར་ལ་ནང་ཆོས་ངོ་སྤྲོད།སྐྱབས་འགྲོ་དང་དགེ་བསྙེན་གྱི་སྡོམ་པ་འབོག་པ།འོད་མཚན་གསོག་སྒྲུབ་ཀྱི་དགེ་སྐུལ།ཉམ་ཆུང་འཆི་ཁ་མའི་སེམས་ཅན་སྲོག་བསླུ་གནང་བས་མཚོན་ཆོས་ཕྱོགས་ཀྱི་མཛད་ཕྲིན་བསྐྱངས་ཡོད་ལ།ཁྱད་པར་བོད་ཡུལ་ཀྱི་ས་གནས་སོ་སོར་ཕེབས་སྐབས་མང་ཚོགས་ནང་རྐུན་ཇག་ནག་ཚོང་དང༌།དུ་ཆང་རྒྱན་འཇོག་མི་བྱེད་པར་ཁས་ལེན་བྱེད་འཇུག་པ།རི་ཀླུང་རྒྱ་སྡོམ།འབྲོག་ཕྱོགས་རྣམས་སུ་སྒོ་ཕྱུགས་རྣམས་བཤས་རར་འབེབས་པའི་སྡིག་ལས་མཚམས་འཇོག་དགོས་ཚུལ་སོགས་ཆོས་དང་འཇིག་རྟེན་གྱི་བསླབ་བྱ་གལ་ཆེན་རིམ་པར་གནང་བས།མང་ཚོགས་ཁྲོད་ཁོང་གི་མཛད་རྗེས་ལ་ཡི་རངས་བྱེད་མཁན་དང༌།དད་པས་རྗེས་སུ་འཇུག་མཁན་ཉིན་རེ་བཞིན་ཇེ་མང་དུ་གྱུར་ཏེ།བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཐེངས་མང་པོ་འཚོགས་ནས་སེམས་ཅན་རྣམས་ཐར་བའི་གོ་འཕངས་ལ་དཀྲི་བར་མཛད།།
ཐུགས་ཟིན་ཞལ་སློབ་ཀྱི་སྐོར།
སྐུ་ཚེ་གང་ལ་བསྙུན་གཞི་དང་བཙན་བཀའ་སོགས་དཀའ་ངལ་ཁྱད་བསད་ཀྱིས་སློབ་ཁྲིད་གནང་བས་མཁས་བཙུན་བཟང་པོའི་རྣམ་ཐར་གྱིས་ཕ་རྗེས་བུ་ཡིས་ཟིན་པའི་སློབ་མ་གྲངས་ལས་འདས་པ་བསྐྱེད་བསྲིངས་གནང༌།ཁྱད་པར་ཕྱི་ལོ་༡༩༨༠ནས་གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་བཙུགས་ཏེ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང།རྨེ་བ་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ།མཁན་པོ་བསོད་དར་རྒྱས།སྤྲུལ་སྐུ་ལུང་རྟོགས།མཁན་པོ་ཤེས་རབ་བཟང་པོ་སོགས་སྡོམ་བརྩོན་སྡེ་སྣོད་འཛིན་པའི་མཁན་པོ་བརྒྱ་ཕྲག་མང་པོ་གསོ་སྐྱོང་གནང་ནས་ད་ལྟ་བོད་ཡུལ་སྟོད་སྨད་བར་གསུམ་དང་བྱེས་ཁྲོད་ཀྱི་དགོན་སྡེ་ཁག་ན་བཤད་སྒྲུབ་ཀྱི་བསྟན་པ་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཞབས་འདེགས་རླབས་ཆེན་སྒྲུབ་བཞིན་ཡོད་པ་རེད།ཁྱད་པར་རྗེ་ཉིད་ཀྱི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཡང་ཁོང་གི་ཞལ་སློབ་དག་གིས་གསེར་ལྗོངས་བླ་མ་རུང་ཡན་ལག་དང་བཅས་པའི་བསྟན་པ་གྲ་མ་ཉམས་གྲུ་མ་ཞིག་པར་འཛིན་སྐྱོང་གནང་བཞིན་པ་འདི་ཕ་ཤུལ་བུ་ཡིས་ཟིན་པའི་མཚོན་རྟགས་བླ་ན་མེད་པ་ཡིན་པས་འདིའི་སྐོར་ཞིབ་ཕྲ་མ་བྲིས་ཀྱང་ཡོངས་གྲགས་ལྟ་བུར་གྱུར་ཡོད་དོ།།
བསླུ་བྲིད་དང་བཙན་བཀའི་འོག་ནས་བསྟན་སྲིད་ཀྱི་ལར་ཞེན་མ་དོར་བ།
དམ་པ་གང་ཉིད་ཀྱིས་ཅི་ལ་བབས་ཀྱང་རང་རིགས་དང་རྒྱལ་བསྟན་ལ་གནོད་པའི་བྱ་བ་དག་ལ་སྲོག་བསྡོས་ཀྱིས་གདོང་ལེན་གནང་རྒྱུར་ཐུགས་སྟོབས་དང་སྤྲོ་བས་འཇུག་པའི་དཔེར་མཚོན་ཙམ་བརྗོད་ན།རྒྱ་གཞུང་གིས་པཎ་ཆེན་ཡང་སྤྲུལ་རྫུན་མ་ངོས་ལེན་དགོས་སྐོར་བརྗོད་པར།སྤྱིར་རྟོགས་ཚད་གོང་མ་ཞིག་གིས་འོག་མ་དག་གི་སྤྲུལ་བསྒྱུར་འདིའོ་ཞེས་ངོས་འཛིན་བྱེད་པ་ལས།རྟོགས་ཚད་འོག་མ་ཞིག་གིས་གོང་མ་དག་གི་སྤྲུལ་བསྒྱུར་འདིའོ་ཞེས་ངོས་འཛིན་མི་ཐུབ་ལ།ཁྱད་པར་དུ་ངའི་མི་ཚེའི་ནང་སྤྲུལ་སྐུ་སུ་ཡང་ངོས་འཛིན་བྱེད་མ་མྱོང་ལ་བྱེད་ཀྱང་མི་ནུས།རྒྱུ་མཚན་མེད་ན་ངས་ངོས་ལེན་བྱས་པས་ཅི་ཡང་མི་ཕན་སོགས་གསུངས།གཞན་ཡང་དམ་ཉམས་དག་གཙང་ངམ་རྒྱལ་བསྟན་དག་ཐེར་གནང་སྐབས་ཀྱང་སེམས་ལ་མི་འགྲོ་མཁན་མང་དུ་བྱུང་མོད།སྲོག་བསྡོས་ཀྱིས་ཕྱག་ལས་གནང་བར་བརྟེན་པཎ་ཆེན་རིན་པོ་ཆེས་ཐུགས་དགྱེས་པའི་སྒོ་ནས་རྒྱབ་སྐྱོར་དང་འབྲེལ་བོད་བརྒྱུད་ནང་བསྟན་ཞིབ་འཇུག་པའི་མཚན་གནས་གནང་ཡོད་པ་དང༌།རྒྱ་གཞུང་གི་དམ་དྲག་ལ་མ་ལྟོས་པར་དོལ་རྒྱལ་བསྟེན་གསོལ་སྐོར་བླང་དོར་ལམ་སྟོན་གྱི་བཀའ་སློབ་ཀྱང་མང་དུ་གནང་ཡོད།དེ་ལྟར་རྒྱལ་བསྟན་སྤྱི་དང་བྱེ་བྲག་བོད་ཁ་བ་གངས་ཅན་པའི་ཆོས་དང་རིག་གཞུང་གི་ཆེད་དུ་སྐུ་སྲོག་ལ་འཛེམས་ཟོན་མེད་པར་རྨད་དུ་བྱུང་བའི་མཛད་རྗེས་བཞག་ཡོད་པ་རེད།ཆོས་རྗེ་མཆོག་ལ་མཚོན་ན་རིག་གནས་གསར་བརྗེ་ཟེར་བའི་སྐབས་ལྟ་བུ་ལའང་རྒྱ་ནག་གིས་དམ་དྲག་ཧ་ཅང་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་སྣོད་ལྡན་གྱི་སློབ་མ་རྣམས་ལ་ར་ལུག་གི་རྫི་བོ་གནང་ཞོར་ལྐོག་ཏུ་གསུང་ཆོས་རྒྱུན་མ་ཆད་པར་གནང་ཡོད་པ་དང༌།བླ་རུང་ཆོས་ཀྱི་གྲོང་ཁྱེར་དབུ་བརྙེས་པ་ནས་བཟུང་རྒྱུན་ལྡན་བླ་རུང་ཆོས་སྒར་དུ་བཞུགས་ཡོད་སྐབས་ཉིན་རྟག་པར་ཕལ་ཆེར་ཞོགས་པའི་ཆུ་ཚོད་བཅུ་པ་ནས་བཅུ་གཅིག་དང་ཕྱེད་ཀྱི་བར་མདོ་སྔགས་གཞུང་ཆེན་ཁག་དང༌།ལྷག་དོན་ཐུན་མོང་ལས་འབྲས་བླང་དོར་གྱི་སྐོར་ནས་ཐུན་མིན་རྫོགས་པ་ཆེན་པོའི་བར་གྱི་གསུང་ཆོས་ཆད་མེད་དུ་གནང་གི་ཡོད་པ་དང༌།ནམ་རྒྱུན་རྒྱལ་བསྟན་གྱི་སྙིང་པོ་བཤད་སྒྲུབ་ཀྱིས་འཛིན་དགོས་པ་དང༌།མི་རིགས་ཀྱི་བླ་སྲོག་རིག་གཞུང་ལ་རག་ལས་པའི་བཀའ་སློབ་གནང་ཞིང་དཔལ་འབྱོར་གྱི་འདུ་འགོད་དང་བླ་བྲང་གི་རྒྱས་སྤྲོས་ལ་ཐུགས་མི་མཉེས་པར་མ་ཟད།ཁོང་གི་ཕྱག་རྒྱུ་ཡོད་ཚད་དགེ་འདུན་པ་ལ་ཕུལ་ནས་སྤོང་དག་(སྤོང་དག་ནི།ཕྱག་རྒྱུ་ཡོད་ཚད་གཅིག་ཀྱང་མ་ལུས་པར་མཆོད་སྦྱིན་བྱས་པའི་དོན)ལན་མང་མཛད།།
ཕྱི་རབས་གདུལ་བྱའི་སྐལ་བར་བཞག་པའི་གསུང་རྩོམ་གྱི་སྐོར།
ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་རིན་པོ་ཆེ་མཆོག་རེ་ཞིག་ཐུན་མོང་གདུལ་བྱའི་སྣང་ངོར་དགོངས་པ་རྫོགས་ན་ཡང༌།ཁོང་གིས་བོད་ཕྱི་རབས་པ་རྣམས་ལ་ནུབ་མེད་དུ་བཞག་པའི་མཛད་རྗེས་གཙོ་བོ་དྲི་མ་མེད་པའི་ལེགས་བཤད་དག་ཡིན།དུས་འགྱུར་སྐབས་ཁོང་གི་བརྩམས་ཆོས་མང་པོ་བོར་བརླགས་སུ་སོང་ཡང།ཁོང་གི་གསུང་རྩོམ་ཕྱོགས་བསྒྲིགས་པོད་ཆེན་བཞིར་བསྡུས་ཡོད།དེ་ཡང་ཐུན་མིན་རྒྱུད་ལུང་མན་ངག་ཁག་གི་འགྲེལ་བའི་སྐོར་དང།ཟབ་མོ་གཏེར་ཆོས་ཀྱི་སྐོར།ཉེ་བརྒྱུད་དག་སྣང་གི་སྐོར།ཉམས་མགུར་དང་བླང་དོར་ཞལ་གདམས་སོགས་ཀྱི་སྐོར་བཅས་སྐོར་ཚོ་ཆེན་པོ་བཞིའི་ནང་དུ་བསྡུ་ཆོག་ལ།ཞིབ་ཕྲ་སྔ་འགྱུར་རིག་འཛིན་འདོན་ཐེངས་དང་པོ་རུ་གསལ་བ་ལྟར་ལགས།
གསུང་རྩོམ་ཁག་གི་ཁྱད་ཆོས།གོང་གསལ་ཁོང་གི་ལྗགས་རྩོམ་དག་ཐོས་པའི་སྐབས་ནས་བྲིས་པའི་འོལ་ཚོད་ལྟ་བུ་མིན་ལ།གོ་ཡུལ་རྐྱང་པ་ཙམ་མ་ཡིན་པར་སྒོམ་པའི་ཤེས་རབ་ཀློང་བརྡོལ་བའི་ཉམས་མྱོང་གི་གསུང་བསླུ་བ་མེད་པའི་ཟབ་ཆོས་རྨད་དུ་བྱུང་བ་ཁོ་ན་ཡིན་པ་མ་ཟད།ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན།ཆོས་རྗེ་མཆོག་གི་ལེགས་བཤད་འདི་དག་རྩོམ་པའི་དུས་ཚོད་ཀྱང༌།འཆད་རྩོད་རྩོམ་པ་ལྟ་ཅི་མ་ཎི་ཨོཾ་གཅིག་བགྲང་པ་ཐོས་ནའང་བཙོན་དུ་འཛུད་པའི་དུས་སུ་སྐུ་སྲོག་གི་ཉེན་ཁར་མ་འཛེམས་པར་བརྩམས་པས་ཁེ་བཟང་དང༌།རྙེད་བཀུར།གྲགས་སྙན་ལ་རེ་བ་མ་ཡིན་པར་ལྷག་བསམ་དང་ཤ་ཞེན་གྱིས་བོད་མི་རིགས་ལ་བཞག་པའི་མཛད་རྗེས་འབའ་ཞིག་ཡིན་ཏེ།ཆོས་རྗེ་དམ་པ་ཁོང་གི་ཞལ་སྔ་ནས།ཀྱེ་མ་ངན་ཁྲིམས་སྲིན་མོའི་སོག་ཕྲག་ནས།།ལུས་སེམས་སྲོག་གི་རྒྱུ་བ་ཉམ་ང་ཡང༌།།གངས་ཅན་རིག་མཛོད་བརླགས་པའི་གདུང་སེམས་ཀྱིས།།སོར་མོའི་འདུ་བྱེད་བསྐྱུང་པའི་བརྟུལ་ཞུགས་ལྷོད།།ཅེས་གསུངས་པ་བཞིན་ནོ།།
སྐུ་གཞན་དོན་དུ་གཤེགས་པ།
བོད་རབ་གནས་ཆུ་ལུག་ཟླ་༡༡ཚེས་༡༥རེས་གཟའ་ལྷག་པ།ཕྱི་ལོ་༢༠༠༤ཟླ་༡ཚེས་༧ཉིན་གྱི་ཞོགས་པ་དུས་རྒྱུན་གྱི་ཞལ་འདོན་རྫོགས་པ་ཆེན་པོ་རང་བྱུང་བསྟན་པ་བུ་གཅིག་གི་རྒྱུད་ཚར་གཅིག་གསུངས་གྲུབ་ནས་སྔ་དྲོ་རྒྱ་ནག་གི་ཆུ་ཚོད་༩དང་སྐར་མ་༤༥ཐོག་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན།
སྐུ་མ་གཤེགས་པའི་སྔོན་ནས་སྐུ་གདུང་གཏན་ནས་བཞེངས་མི་དགོས་པ་དང།ཡང་སྲིད་འཁྲུངས་རྒྱུ་མིན་པའི་སྐོར་སོགས་བཀའ་སློབ་བསྩལ་བ་མ་ཟད།ཕྱི་ལོ་༢༠༠༣ཕྱི་ཟླ་༡༢པའི་ཚེས་༢༧ཉིན་གྱི་ཉིན་གུང་ཆུ་ཚོད་༡སྐར་མ་༣༠ཐོག་བླ་རུང་ཆོས་སྡེ་རུ་བཞུགས་པའི་སློབ་ཚོགས་ཡོངས་ལ་ཁྲིན་ཏུའུ་ནས་ཞལ་པར་བརྒྱུད་ཆེས་མཐའ་མའི་ཞལ་ཆེམས་སུ་ཚང་མས་དུས་ཀུན་སེམས་ལ་འཛིན་དགོས་པ་ནི་ངས་ནམ་རྒྱུན་བཤད་པ་དེ་ཡིན། “རང་ཚུགས་མ་ཤོར།གཞན་སེམས་མ་དཀྲུགས།”ཞེས་པའི་ཚིག་འདི་གཉིས་ཡིན།དེའི་ནང་དོན་ཚང་མས་ཕལ་ཆེར་གོ་རྒྱུ་རེད།ཁྱེད་ཅག་རང་རང་སོ་སོས་རང་ཚུགས་ཐུབ་པ་ཞིག་དང་གཞན་སེམས་མི་དཀྲུགས་པ་ཞིག་དགོས།ཚིག་འདི་གཉིས་ཀྱི་ནང་དུ་ང་རང་གི་ཚོད་ཀྱིས་ཆོས་དང་འཇིག་རྟེན་གཉིས་ཐད་ནས་སྙིང་གཏམ་དང་ཞལ་གདམས་ཐམས་ཅད་འདུས་ཤིང་རྒྱ་ཆེ་ཆུང་གཉིས་ཀྱི་སྒོ་ནས་འགྲེལ་རྒྱུ་ཡོད་ཅེས་གསུངས།ཉིན་འདིར་སློབ་ཚོགས་རྣམས་ཀུན་དགའ་ར་བ་རུ་མཉམ་དུ་རྒྱང་བསྒྲགས་ཀྱི་ལམ་ནས་ཐད་ཀར་ཆོས་རྗེ་མཆོག་གི་གསུང་གསན་ཐུབ་པ་བྱུང་ཡོད།
ཆོས་རྗེ་མཆོག་སྐུ་གཤེགས་པ་དང་བོད་ཕྱི་ནང་གཉིས་ནས་མྱ་ངན་གུས་འདུད་ཞུས་ཡོད་པ་དང།ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་བསྩལ་བ་དང།མྱ་ངན་རྗེས་དྲན་གྱི་གསུང་རྩོམ་ཞིག་ཀྱང་མཛད་ཡོད།དེ་བཞིན་བཙན་བྱོལ་བོད་གཞུང་གིས་ཀྱང་མྱ་ངན་གུས་འདུད་ཞུས་ཡོད་པ་རེད།།
ཕ་ཤུལ་བུ་ཡིས་འཛིན་པའི་དམ་བཅའ།
གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ངམ།བླ་རུང་ཆོས་ཀྱི་གྲོང་ཁྱེར་དེ་ཉིད་ལ་མཚོན་ན་ས་གནས་དེ་རུ་སྔར་གྱི་དགོན་པ་མེད་ནའང༌།ཆོས་རྗེ་མཆོག་གི་མཛད་ཕྲིན་ལ་བརྟེན་མདོ་དབུས་ཁམས་གསུམ་གྱི་བོད་རིགས་དང༌།རྒྱ་ནག་གིས་མཚོན་ཕྱིའི་རྒྱལ་ཁབ་ཁག་ནས་སློབ་མ་མང་པོ་ཞིག་འཛོམས་ཡོད་པ་མ་ཟད་ལོ་ངོ་༣༣ཙམ་གྱི་རིང་ཐུན་མོང་གི་རིག་གནས་སྤྱི་དང༌།ཐུན་མིན་ནང་པ་སངས་རྒྱས་པའི་གཞུང་ལུགས་ཀྱི་སྐོར་མདོ་སྔགས་རྒྱུད་སྡེ་རྒྱ་མཚོར་ཐོས་བསམ་སློབ་གཉེར་གནང་ནས་མཁས་པའི་ཡང་རྩེར་སོན་པའི་སློབ་མ་གང་མང་ཡོད་པ་དགཁོང་སྐུ་གཤེགས་ནས་ཕྱོགས་གཞན་གྱི་སློབ་མ་རྣམས་སྨྲོས་ཅི་གསེར་རྟ་རང་གི་ས་ཁུལ་ནས་ཡིན་པའི་གྲྭ་བ་རྣམས་ཀྱང་སོ་སོའི་དགོན་པ་རུ་སོང་ནས་རང་བཞིན་གྱིས་ཆོས་སྡེ་དེ་ཉིད་རྩ་སྟོངས་སུ་འགྲོ་རྒྱུར་དོགས་པ་བྱེད་མཁན་བྱུང་ཡོད་ནའང༌།བོད་རབ་གནས་ཆུ་ལུག་ཟླ་༡༡ཚེས་༡༨ཕྱི་ལོ་༢༠༠༤ཟླ་༡ཚེས་༡༡ཉིན་ཆོས་སྡེ་དེའི་མཁན་སྤྲུལ་རྣམས་ཚང་འཛོམས་ཐོག་ཆོས་རྗེ་མཆོག་ཞལ་བཞུགས་སྐབས་སུ་དེ་གའི་སློབ་ཐོན་པ་མཁན་པོ་རྣམས་ལ་མདོ་ཕྱོགས་ཀྱི་གཞུང་ཆེན་ལྔ་དང༌།སྔགས་ཕྱོགས་ཀྱི་རྒྱུད་སྡེ་བཞི།ཐུན་མོང་གི་རིག་གནས་སོ་སོར་རིགས་གཅིག་རྐང་འཛིན་ལྟ་བུའི་འཆད་ཉན་གྱི་མཛད་འགན་ལྷུར་ལེན་གནང་བཞིན་པའི་མཁན་སྤྲུལ་རྣམས་ཀྱིས་སོ་སོའི་མཛད་འགན་རང་འཇགས་བཞེས་ནས་ལོ་གསུམ་གྱི་བར་འཕོ་འགྱུར་མི་གཏོང་བ་དང༌།གཞན་ཡང་སློབ་སྟོན་དང༌།སྒྲིག་ཁྲིམས།དཔལ་འབྱོར།འཕྲོད་བསྟེན་སོགས་ཀྱི་མཛད་འགན་འཁུར་མཁན་དག་གིས་ཀྱང་ལོ་གསུམ་གྱི་བར་ཆོས་རྗེ་མཆོག་ཞལ་བཞུགས་སྐབས་བསྐོ་བཞག་གནང་བ་བཞིན་འགྱུར་བ་མི་གཏོང་བར་མཛད་འགན་རང་འཇགས་བཞེས་རྒྱུའི་དམ་འབུལ་ཞུས་ཤིང༌།ལོ་གསུམ་གྱི་རྗེས་ནས་རིམ་པས་དུས་ཚོད་དང་བསྟུན་ནས་འགྱུར་བ་གཏོང་དགོས་མིན་བལྟ་རྒྱུ་བཅས་མདོར་ན་ཆོས་སྡེ་དེ་ཉིད་མི་ཉམས་པར་ཕ་ཤུལ་བུ་འཛིན་བྱ་རྒྱུ་དེ་སློབ་མ་རྣམས་ཀྱིས་སྤྱི་མོས་ཀྱིས་ཐག་གཅོད་གཏན་འབེབས་བྱས་པ་ལྟར་སྒྲིག་ཁྲིམས་འགན་འཛིན་གྱིས་རྒྱུན་བཞུགས་དགེ་འདུན་པ་དང༌།ཕྱོགས་ཀྱི་དད་ལྡན་མང་ཚོགས་ལ་ཡོངས་ཁྱབ་གསལ་བསྒྲགས་གནང་བ་ལྟར་རྒྱ་གཞུང་གིས་དམ་དྲག་བྱས་མིན་ལ་མ་ལྟོས་པར་སློབ་གཉེར་དང་འཛིན་སྐྱོང་སྔར་ལྷག་གནང་མུས་སུ་ཡོད།།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

Menu