ཨོྃ་སྭ་སྟི། མཚོ་སྐྱེས་རྒྱལ་བསྟན་འོད་སྟོང་མུ་འཁྱུད་འཛིན། །འཇིགས་བྲལ་ཐུགས་བསྐྱེད་མགྱོགས་འགྲོའི་ཤིང་རྟ་ཡིས། །
ལེགས་སྨོན་ལྷུན་པོའི་རྩེ་རུ་འདྲེན་པ་པོ། །གྲུབ་མཆོག་སྤྲུལ་བའི་ཟློས་གར་ཞབས་བརྟན་གསོལ། །
ཞབས་བརྟན་སྨོན་ལམ་འཆི་མེད་ལྷ་ཡི་རྔ་སྒྲ་ཞེས་བྱ་བ།
ཞབས་བརྟན་གསོལ་འདེབས་དོན་གཉིས་ཡིད་བཞིན་འདོད་འཇོ།
རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་འཇིགས་མེད་བློ་གསལ་དབང་པོའི་ཞབས་བརྟན་གསོལ་འདེབས་བསྡུས་པ་དོན་གཉིས་ཡིད་བཞིན་འདོད་འཇོ་བཞུགས།།
ཨེ་མ་ཧོ། ཐུབ་པའི་བསྟན་པ་འཛིན་སྐྱོང་སྤེལ་ལ་མཁས། །འཇིགས་པ་མེད་པར་སྙིགས་འགྲོའི་འགྲོ་ལ་བརྩེ། །
ཤེས་བྱ་ཀུན་མཁྱེན་བློ་སྟོབས་གཞན་ལས་ལྷག །གསལ་སྟོང་ཟུང་འཇུག་གནས་ལུགས་མངོན་དུ་གྱུར། །
ཞབས་བརྟན་འཆི་མེད་བདུད་རྩིའི་ཆར་རྒྱུན།
ཨོྃ་བདེ་ལེགས་སུ་གྱུར་ཅིག ཀུན་བཟང་ཆོས་སྐུ་གཞི་རྩ་བྲལ་བའི་ངང་། །འགག་མེད་ལོངས་སྐུ་རྒྱལ་བ་ཚེ་མཐའ་ཡས། །
རང་བྱུང་སྤྲུལ་སྐུ་མཚོ་སྐྱེས་གྲུབ་ཚིགས་ཀྱིས། །དགེ་ལེགས་འཆི་མེད་བདུད་རྩིའི་ཆར་རྒྱུན་སྩོལ། །
ཞབས་བརྟན་གསོལ་འདེབས་དངོས་གྲུབ་དཔལ་སྟེར་ཞེས་བྱ་བ།
གདོད་ནས་ཀ་དག་ཆོས་སྐུ་ཀུན་དུ་བཟང་། །གཅིག་ཏུ་འགྲོ་ལ་བརྩེ་ཆེན་ལོངས་སྤྱོད་རྫོགས། །
གང་འདུལ་སྤྲུལ་བའི་རོལ་གར་མཚོ་སྐྱེས་རྗེ། །དེང་འདིར་བྱིན་རླབས་མཐུ་ཡིས་དངོས་གྲུབ་སྩོལ། །
ཞབས་བརྟན་གསོལ་སྨོན།
བསླུ་མེད་སྐྱབས་གནས་རྒྱ་མཚོའི་མཐུ་བྱིན་གྱིས། །པདྨ་རིག་འཛིན་རྒྱལ་བའི་མྱུ་གུ་མཆོག །
འཇིགས་མེད་བློ་གསལ་གྲུབ་པའི་དབང་པོ་ཡི། །ཞབས་པད་རྟག་མཛད་འཕྲིན་དར་རྒྱས་ཤོག །
ཞབས་བརྟན་སྨོན་ཚིག།
འཇིགས་མེད་ཐེག་མཆོག་རྡོ་རྗེ་སྙིང་པོ་ཡི། །ཆོས་མཛོད་སྒོ་འཕར་འབྱེད་ལ་ཟླ་བྲལ་ཞིང་། །
བློ་གསལ་སྐལ་བཟང་རིག་འཛིན་གྲུབ་པའི་གཙོ། །ལྷ་མའི་དབང་པོའི་རྒྱན་དུ་འཚོ་ཞེས་གསོལ། །
ཞབས་བརྟན་སྨོན་ཚིག་འཆི་མེད་རང་སྒྲ།
ཨོྃ་སྭ་སྟི། རབ་འབྱམས་རྩ་གསུམ་རྒྱ་མཚོའི་བྱིན་རླབས་ཀྱིས། །རྒྱལ་བསྟན་འཛིན་ལ་འཇིགས་བྲལ་ལྷུན་པོ་མཆོག །
གདུལ་བྱ་གླིང་བཞིའི་མགོན་དུ་བརྟན་བཞུགས་ནས། །འཕྲིན་ལས་རབ་རྒྱས་བཞེད་དོན་ལྷུན་གྲུབ་ཤོག །
ཞབས་བརྟན་གསོལ་འདེབས།
བདེ་གཤེགས་རྒྱལ་རིན་ཆེན་ཟུར་ཕུད་ཅན། །གདུལ་བྱའི་སྣང་ངོར་མི་ཡི་ཚུལ་བཟུང་བ། །
བསྟན་འཛིན་མི་ཤིགས་འཇིགས་བྲལ་ལྷུན་པོའི་དཔལ། །བསྟན་འགྲོའི་མགོན་དུ་བསྐལ་བརྒྱར་འཚོ་ཞེས་གསོལ། །
ཞབས་བརྟན་གསོལ་འདེབས།
རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་ཉིད། །མངོན་གྱུར་འགྲོ་དོན་འཕྲིན་ལས་ཕྱོགས་མེད་ཁྱབ། །
འཇིགས་མེད་བློ་གསལ་དབང་པོ་མཆོག་གི་སྐུ། །ཞབས་པད་བསྐལ་བ་རྒྱ་མཚོར་བརྟན་གྱུར་ཅིག །
ཞབས་བརྟན་གསོལ་འདེབས།
མཚན་ཙམ་ཐོས་པས་སྲིད་པའི་གདུང་སེལ་བ། །གཙུག་ཏོར་ཅན་སོགས་འཕགས་བོད་གྲུབ་བརྒྱའི་གར། །
རྒྱལ་བསྟན་རྒྱ་མཚོའི་མངའ་བདག་རྫོགས་ཆེན་པ། །བསྟན་འཛིན་འཇིགས་བྲལ་ལྷུན་པོ་ཞབས་བརྟན་གསོལ། །