གདོད་ནས་ཀ་དག་ཆོས་སྐུ་ཀུན་དུ་བཟང་། །གཅིག་ཏུ་འགྲོ་ལ་བརྩེ་ཆེན་ལོངས་སྤྱོད་རྫོགས། །
གང་འདུལ་སྤྲུལ་བའི་རོལ་གར་མཚོ་སྐྱེས་རྗེ། །དེང་འདིར་བྱིན་རླབས་མཐུ་ཡིས་དངོས་གྲུབ་སྩོལ། །
ཞབས་བརྟན་གསོལ་འདེབས་དངོས་གྲུབ་དཔལ་སྟེར་ཞེས་བྱ་བ།
ཞབས་བརྟན་གསོལ་སྨོན།
བསླུ་མེད་སྐྱབས་གནས་རྒྱ་མཚོའི་མཐུ་བྱིན་གྱིས། །པདྨ་རིག་འཛིན་རྒྱལ་བའི་མྱུ་གུ་མཆོག །
འཇིགས་མེད་བློ་གསལ་གྲུབ་པའི་དབང་པོ་ཡི། །ཞབས་པད་རྟག་མཛད་འཕྲིན་དར་རྒྱས་ཤོག །
ཞབས་བརྟན་སྨོན་ཚིག།
འཇིགས་མེད་ཐེག་མཆོག་རྡོ་རྗེ་སྙིང་པོ་ཡི། །ཆོས་མཛོད་སྒོ་འཕར་འབྱེད་ལ་ཟླ་བྲལ་ཞིང་། །
བློ་གསལ་སྐལ་བཟང་རིག་འཛིན་གྲུབ་པའི་གཙོ། །ལྷ་མའི་དབང་པོའི་རྒྱན་དུ་འཚོ་ཞེས་གསོལ། །
ཞབས་བརྟན་སྨོན་ཚིག་འཆི་མེད་རང་སྒྲ།
ཨོྃ་སྭ་སྟི། རབ་འབྱམས་རྩ་གསུམ་རྒྱ་མཚོའི་བྱིན་རླབས་ཀྱིས། །རྒྱལ་བསྟན་འཛིན་ལ་འཇིགས་བྲལ་ལྷུན་པོ་མཆོག །
གདུལ་བྱ་གླིང་བཞིའི་མགོན་དུ་བརྟན་བཞུགས་ནས། །འཕྲིན་ལས་རབ་རྒྱས་བཞེད་དོན་ལྷུན་གྲུབ་ཤོག །
ཞབས་བརྟན་གསོལ་འདེབས།
བདེ་གཤེགས་རྒྱལ་རིན་ཆེན་ཟུར་ཕུད་ཅན། །གདུལ་བྱའི་སྣང་ངོར་མི་ཡི་ཚུལ་བཟུང་བ། །
བསྟན་འཛིན་མི་ཤིགས་འཇིགས་བྲལ་ལྷུན་པོའི་དཔལ། །བསྟན་འགྲོའི་མགོན་དུ་བསྐལ་བརྒྱར་འཚོ་ཞེས་གསོལ། །
ཞབས་བརྟན་གསོལ་འདེབས།
རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་ཉིད། །མངོན་གྱུར་འགྲོ་དོན་འཕྲིན་ལས་ཕྱོགས་མེད་ཁྱབ། །
འཇིགས་མེད་བློ་གསལ་དབང་པོ་མཆོག་གི་སྐུ། །ཞབས་པད་བསྐལ་བ་རྒྱ་མཚོར་བརྟན་གྱུར་ཅིག །
ཞབས་བརྟན་གསོལ་འདེབས།
མཚན་ཙམ་ཐོས་པས་སྲིད་པའི་གདུང་སེལ་བ། །གཙུག་ཏོར་ཅན་སོགས་འཕགས་བོད་གྲུབ་བརྒྱའི་གར། །
རྒྱལ་བསྟན་རྒྱ་མཚོའི་མངའ་བདག་རྫོགས་ཆེན་པ། །བསྟན་འཛིན་འཇིགས་བྲལ་ལྷུན་པོ་ཞབས་བརྟན་གསོལ། །
ཞབས་བརྟན་གསོལ་འདེབས།
ཀུ་བཟང་རྡོེར་སེམས་བི་མ་མི་ཏྲ་དང་། །པདྨ་ཀ་རའི་ཡེ་ཤེས་སྒྱུ་མའི་འཕྲུལ། །
རིག་འཛིན་འོད་གསལ་བདེ་བའི་རྡོ་རྗེ་རྩལ། །ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །
ཞབས་བརྟན་གསོལ་འདེབས།
ལྷག་བསམ་བསྟན་ལ་དཀར་བའི་དུས་ཀྱི་མགོན། །མཛད་ཕྲིན་དུས་སུ་སྨིན་པའི་རྫོགས་ཆེན་པའི། །
ཐུགས་བསྐྱེད་སྐྱ་རེངས་དང་པོའི་འོད་རླབས་དེ། །མི་འགྱུར་ཚེ་ཡི་ངོ་བོར་བརྟན་པར་ཤོག །
རྫོགས་ཆེན་སྐུ་འཕྲེང་བདུན་པའི་ཞབས་བརྟན་བདེན་པའི་གྲུ་ཆར།
ཐུབ་དབང་ཞལ་གྱི་པདྨོ་ལས་འོངས་བའི། །ཆེ་བ་དྲུག་ལྡན་སྔ་འགྱུར་བསྟན་པའི་སྲོལ། །
འཛིན་ཅིང་སྤེལ་ལ་འགྲན་པའི་ཟླ་བྲལ་བའི། །རྫོགས་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་བརྟན་གསོལ། །