མཁན་པོ་བསོད་ནམས་དར་རྒྱས་ལགས་ནི་སྐྱབས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་མཆོག་གི་དངོས་སློབ་ཡིན་པ་དང་། སྤྱི་ལོ༡༩༦༢ལོར་ཟི་ཁྲོན་དཀར་མཛེས་ཁུལ་བྲག་འགོ་རྫོང་དུ་སྐུ་འཁྲུངས།
༡༩༧༥ལོར་ས་གནས་དེ་གའི་སློབ་ཆུང་དུ་སློབ་གྲྭར་ཞུགས་ཤིང་། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་མཐར་ཕྱིན། ༡༩༨༥ལོར་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ལ་ཕེབས་ཤིང་སྐྱབས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཉེས་པ་གསུམ་གྱིས་བསྟེན་ཏེ་བརྩོན་པ་དྲག་པོས་མདོ་སྔགས་རིག་གཞུང་བཅས་གསན་སྦྱང་མཛད། ༡༩༨༧ལོར་ཆོས་རྗེ་ཡིད་བཞིན་ནོར་བུ་དང་ལྷན་དུ་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ཞིང་། དེ་ནས་བཟུང་ཆོས་རྗེ་མཆོག་གི་བཀའ་བཞིན་རྒྱ་རིགས་ཀྱི་དད་ལྡན་རྣམས་ལ་མདོ་སྔགས་ཀྱི་གཞུང་ཀུན་འཆད་སྤེལ་གྱི་མགོ་བརྩམས། ༡༩༩༠ལོར་ཆོས་རྗེ་མཆོག་གི་ཞབས་ཞུར་རྒྱ་གར་དང་འབྲུག་ཡུལ། བལ་ཡུལ་སོགས་སུ་ཕེབས་ནས་ཆོས་ཀྱི་འཁོར་ལོ་བསྐོར། ༡༩༩༣ལོར་ཆོས་རྗེ་མཆོག་དང་ལྷན་དུ་ཉི་ཧོང་དང་། ཨ་རི། ཁཱ་ན་ཏ། ཧྥ་རན་སི། འཇར་མན། ཧི་ལན། དབྱིན་ཇི་དང་། ཞང་ཀང་། ཐེ་ཝན་སོགས་སུ་ཞབས་ཀྱིས་བཅགས་ཤིང་དམ་ཆོས་ཀྱི་སྣང་བས་ཁྱབ་པར་བྱས་ཏེ། ཨ་རིའི་ཉོས་ཡོ་བླ་རུང་མདོ་སྔགས་ལྟེ་གནས་ཀྱི་སློབ་སྟོན་པའི་འགན་བཞེས། ༡༩༩༤ལོར་ཟླ་གསུམ་གྱི་རིང་ལ་རྒྱ་ཡུལ་གྱི་དད་ལྡན་སློབ་ཚོགས་ལ་ནང་ཆོས་ངོ་སྤྲོད་མཛད་པས་ཆོས་དང་དམ་ཚིག་གི་འབྲེལ་བ་ཟབ་ཏུ་གྱུར། ༡༩༩༥ལོར་ཆོས་རྗེ་མཆོག་གི་ཞབས་ཞུར་སིང་གྷ་ཕོར་དང་མ་ལེ་ཤིས་ཡ་སོགས་སུ་ནང་ཆོས་སྤེལ་ཞིང་འགྲོ་དོན་རྒྱ་ཆེན་པོ་བྱས། ༢༠༠༣ལོར་རྒྱ་ནག་གི་སྐད་ཀྱིས་གཞུང་བཀའ་པོད་ལྔ་འཆད་པའི་དབུ་ཚུགས། ༢༠༠༤ལོར་ཆོས་རྗེ་མཆོག་དགོངས་པ་ཞི་དབྱིངས་སུ་གཟིགས་ཕྱིས་དྲ་ལམ་དང་། ཟེར་སྡེར་སོགས་དེང་རབས་ཀྱི་བྱེད་ཐབས་སྣ་ཚོགས་པའི་སྒོ་ནས་སྤྱོད་འཇུག་འགྲེལ་བ་ལེགས་བཤད་རྒྱ་མཚོ་འཆད་ཁྲིད་བྱས་ཤིང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་འགྲོ་དོན་རྒྱ་ཆེན་པོ་བྱུང་། ༢༠༠༧ལོ་དང༢༠༠༨ལོར་སྙིང་རྗེ་བློ་འབྱེད་ཀྱི་འབོད་སྐུལ་བྱས་ཏེ་ཤེས་རབ་སྙིང་རྗེ་དགེ་ལས་ཐེབས་རྩ་ཚོགས་པ་བཙུགས། ༢༠༠༩ལོར་གཞུང་བཀའ་པོད་ལྔའི་འཆད་ཁྲིད་ཕུན་སུམ་ཚོགས་པའི་ངང་མཇུག་རྫོགས་པ་དང་། དེ་རྗེས་ཕྱི་ཕྱོགས་སུ་གདུལ་བྱའི་ཁམས་དབང་མོས་པ་དང་བསྟུན་ཏེ་ཐོས་བསམ་འཛིན་གྲྭ་དང་སྔོན་འགྲོའི་འཛིན་གྲྭ དག་ཞིང་འཛིན་གྲྭ་སོགས་བཙུགས་ནས་ནང་བསྟན་ལ་བྱ་བ་རྒྱ་ཆེན་མཛད། ད་ལྟ་ཁོང་གི་འཕྲིན་ལས་ཀྱི་བྱེད་པོ་འགའི་བདག་རྐྱེན་ལ་བརྟེན་བགྲང་གིས་མི་ལངས་པའི་ཆོས་དཔེ་པོད་བཅུ་ཕྲག་འགའ་སྐུ་ཚེགས་ལ་མ་འཛེམ་པར་རྒྱ་ནག་གི་ཡི་གེར་བསྒྱུར་ཞིང་བཀྲམ་ཟིན། དེའི་ནང་ནས་བསྒྱུར་བའི་ཆོས་དཔེ་ཕྱོགས་བསྒྲིགས་ལ་མདོ་སྔགས་ནོར་བུའི་བང་མཛོད། བརྩམས་ཆོས་ཕྱོགས་བསྒྲིགས་ལ་དམ་ཆོས་ནོར་བུའི་བང་མཛོད། འཆད་ཁྲིད་ཕྱོགས་ལ་ཤེས་རབ་སྙིང་རྗེ་ནོར་བུའི་བང་མཛོད་སོགས་སྐལ་བཟང་ལས་འཕྲོ་ཅན་དག་གི་བགོ་སྐལ་བུ་བཀྲམ་ཡོད། ནམ་རྒྱུན་དཀའ་ཁག་སྣ་ཚོགས་དང་སྐུ་ལུས་ཀྱི་བསྙུན་གཞི་ཅི་ཙམ་ཆེ་ཡང་ཉིན་འཆད་ཁྲིད་དང་། མཚན་ཡིག་སྒྱུར་སོགས་བསྟན་འགྲོར་སྨན་པའི་ཕྱག་ལས་འབའ་ཞིག་རྟག་པར་གནང་ཞིང་། ཤེར་ཕྱིན་མངོན་རྟོགས་སོགས་ཐེག་པ་ཆེན་པོའི་ཆོས་ཟེར་སྡེར། Mp3དེང་རབས་ཀྱི་འཆད་ཁྲིད་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་དར་སྤེལ་བྱས། ཉེ་བའི་ལོ་འདི་དག་ལ་ཆིན་ཧྭ་སློབ་ཆེན་དང་། པེ་ཅིན་སློབ་ཆེན། མི་དམངས་སློབ་ཆེན། ཧྥོ་ཏན་སློབ་ཆེན། ནན་ཅིན་སློབ་ཆེན། ཀྲེ་ཅིང་སློབ་ཆེན། ཀྲུང་ཏ་སློབ་ཆེན། དཔའ་ཧྲི་སློབ་ཆེན། ཞང་ཀང་རྒྱའི་སྐད་ཡིག་སློབ་ཆེན། ཞང་ཀང་ལེས་ཀོང་སློབ་ཆེན་སོགས་ཤེས་ལྡན་མི་སྣ་མང་པོས་གདན་དྲངས་ཏེ་ཕན་ཚུན་ལ་བསམ་བློ་བརྗེ་རེས་གནངས། ནང་བསྟན་གྱི་ཆོས་ཉིད་དང་དེང་རབས་ཀྱི་ཚན་རིག་ཟུང་འབྲེལ་བྱས་ཏེ་ཚན་རིག་དང་། མཚན་ཉིད་རིག་པའི་ལྟ་བ། དཔྱད་བསྡུར་སོགས་མཛད་དེ་གཏིང་ཟབ་ས་ནས་གོ་སླ་བའི་ཚིག་གིས་མི་རྣམས་ལ་ནང་ཆོས་ཀྱི་གསང་གནད་བཀྲལ་ཏེ་རིག་པ་སྨྲ་བ་དག་ལ་བློ་རྒྱ་བསྐྱེད་བཞིན་ད་ལྟ་སྐུ་འཚོ་ཞིང་གཞེས་སོ།།
ཤར་མི་ཉག་པ།རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བཏུས།