༄༅། །ཨེ་མ་ཧོ། །མཚོ་དབུས་གེ་སར་པད་མའི་སྡོང་པོ་ལ། །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷ། །རང་བྱུང་ཆེན་པོ་པད་མ་ཡབ་ཡུམ་ནི། མཁའ་འགྲོའི་སྤྲིན་ཕུང་འཁྲིགས་ལ་གསོལ་བ་འདེབས། །
བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ལས་ངན་སྤྱད་པའི་རྣམ་སྨིན་མཐུས་བསྐྱེད་པའི། །ནད་འདོན་བར་གཅོད་དམག་འཁྲུག་མུ་གེ་སོགས། །ཁྱོད་ཞལ་དྲན་པའི་མོད་ལ་ཟད་བྱེད་པའི། །ཞལ་བཞེས་སྙིང་ནས་བསྐུལ་ལོ་ཨོ་རྒྱན་རྗེ། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །དད་དང་ཚུལ་ཁྲིམས་གཏོང་ལ་གོམས་པ་དང་། །ཐོས་པས་རྒྱུད་གྲོལ་ཁྲེལ་ཡོད་ངོ་ཚ་ཤེས། །ཤེས་རབ་ཕུན་སུམ་ཚོགས་པའི་ནོར་བདུན་པོ། །སེམས་ཅན་ཀུན་གྱི་རྒྱུད་ལ་རང་ཞུགས་ནས། །འཇིག་རྟེན་བདེ་སྐྱིད་ལྡན་པ་དབུགས་འབྱིན་མཛོད། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །གང་ལ་ནད་དང་སྡུག་བསྔལ་མི་འདོད་རྐྱེན། །འབྱུང་པོའི་གདོན་དང་རྒྱལ་པོའི་ཆད་པ་དང་། །མེ་ཆུ་གཅན་གཟན་ལམ་འཕྲང་འཇིགས་པ་ཆེས། །ཚེ་ཡི་ཕ་མཐར་གཏུགས་པའི་གནས་སྐབས་ཀུན། །སྐྱབས་དང་རེ་ས་གཞན་དུ་མ་མཆིས་པས། །ཐུགས་རྗེས་ཟུངས་ཤིག་གུ་རུ་ཨོ་རྒྱན་རྗེ། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས།། །།
ཞེས་བོད་ཁམས་ནད་མུག་མཐའ་དམག་ཞི་ཞིང་བསྟན་འགྲོའི་བདེ་སྐྱིད་གསོ་བར་ཕན་ན་སྙམ་པ་ དད་ལྡན་རྣམས་ཀྱིས་ཐུགས་ལ་གཞུག ཅེས་པ་འདིའི་ཤློ་ཀ་དང་པོ་ཀུན་མཁྱེན་ཀློང་ཆེན་པའི་མཁའ་འགྲོ་ཡང་ཏིག་གི་རྒྱབ་ ཆོས་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་གི་མཆོད་བརྗོད་ལས་བྱུང་ཞིང་། དེ་ཕྱིན་ཀུན་མཁྱེན་གཉིས་པ་རིག་འཛིན་འཇིགས་མེད་གླིང་པའི་རྡོ་རྗེའི་གསུང་བྱིན་བརླབས་ཅན་ནོ། །
ཤར་མི་ཉག་པ། རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།