སྔ་འགྱུར་རྙིང་མའི་དབུ་འཛིན་བདུན་པའི་སྐུ་གདུང་ལ་མཆོད་འབུལ་ཞུས།

སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་སྐྱབས་རྗེ་ཀཿཐོག་དགེ་རྩེ་སྐུ་འཕྲེང་བཞི་པ་བསྟན་པ་རྒྱལ་མཆོག་གློ་བུར་ཞིང་ལ་ཕེབས་པའི་གཏམ་ངན་ཐོས་འཕྲལ་རྫོགས་ཆེན་དགོན་འདུས་མང་ནས་དགོངས་རྫོགས་མཆོད་འབུལ་རྒྱ་གང་ཆེ་འཚོགས།

དེ་ཡང་སྤྱི་ཟླ་༡༡ པའི་ཚེས་༢༨ ཉིན་རྫོགས་ཆེན་ལས་ཐོག་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་དང་། རྫོགས་དགོན་གྱི་ཚབ་ཏུ་ལྡི་ལི་དང་བྷག་ཏོ་ར་བརྒྱུད་བལ་ཡུལ་ལ་གནམ་ཐང་ལ་འབྱོར་སྐབས་འདས་མཆོད་ཚོགས་པའི་སྣེ་བསུ་བྱས་ཏེ་དགོང་མོ་དུས་ཚོད་༠༧/༤༥ ཐོག་བལ་ཡུལ་ཡང་ཤོད་ཨ་འཛོམ་དགོན་དུ་འབྱོར། ཚེས་༢༩ ཉིན་བལ་ཡུལ་གནས་བཞུགས་གཡག་ཟེ་སྤྲུལ་སྐུ་དང་། སྤྲུལ་སྐུ་སངས་རྒྱས་རྡོ་རྗེ་གཉིས་དབུས་རྫོགས་ཆེན་ཆོས་བརྒྱུད་འཛིན་པ་དགེ་འདུན་གྲངས་༣༥ ཙམ་མཉམ་དུ་སྐུ་གདུང་མཇལ་ཞིང་ཉིན་གང་ཚོགས་ཞུགས་མཛད།   འདས་མཆོད་ཚོགས་པར་མར་མེ་ཞལ་འདེབས་ཆེད་བལ་སྒོར་འབུམ་གཉིས་དར་བཅས་ཕུལ། སྤྱི་ཟླ་༡༢ པའི་ཚེས་༠༢ ཉིན་སླར་མཁན་པོ་མཆོག་བྷག་ཏོ་ར་དང་བྷང་ལོ་བརྒྱུད་དགོན་ནང་ཕྱིར་ཕེབས་ནས་ལོ་མཇུག་ཡིག་རྒྱུགས་ཆེན་མོའི་དོ་དམ་པའི་གཙོ་འཛིན་མཛད་ཡོད་པ་བཅས་སོ།།
Menu