དེ་ལ་འདིར་སངས་རྒྱས་གཉིས་པ་རྒྱལ་དབང་པདྨ་ཀ་རའི་རིང་ལུགས་འཁྲུལ་མེད་དུ་འཛིན་པ་སྔ་འགྱུར་རྙིང་མ་པ་ཞེས་གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོར་གྱུར་པ་དེ་ཉིས་ལ་ཡོངས་སུ་གྲགས་པའི་གདན་ས་ཆེན་པོ་དྲུག་སྟེ། དབུས་ན་རྡོར་སྨིན་དཔལ་གསུམ།
(འདིའི་དཔལ་ནི་དཔལ་རི་རིག་འཛིན་ཆེན་མོའི་གདན་ས་ཡིན་པར་གྲགས།)ཁམས་ན་ཀཿདཔལ་རྫོགས་གསུམ་ཞེས་གྲགས་པའི་ནང་ཚན། མདོ་ཁམས་རྫོགས་ཆེན་པ་ཞེས་ཆོས་མིང་གང་ཟག་ལ་ཐོགས་པའི་གདན་ས་ཆེན་པོ་འདི་ནི། རྒྱལ་བ་རྫོགས་ཆེན་པ་སྐུ་ཕྲེང་དང་པོ་གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་མཆོག་དགུང་གྲགས་དྲུག་བཅུར་བཞེས་པ། ཤིང་ཕོ་བྱི་བའི་ལོར་མདོ་སྨད་ཉི་མ་ཤར་ཕྱོགས་སུ་ཞབས་བསྐྱོད་དེ། ལྷ་གཉན་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་གཡོན་གཞོལ། ཨོ་རྒྱན་རྡོ་རྗེ་འཆང་གིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པས་དཔའ་བོ་མཁའ་འགྲོ་སྤྲིན་ལྷར་འདུ་བའི་གནས་མཆོག མདོ་ཁམས་ས་ཡི་ལྷེ་དགུ་མ་ཚབ་མེད་པའི་ནོར་འཛིན་གྱི་ཐིག་ལེ་དེ་ཉིད་དུ། རབ་བྱུང་བཅུ་གཅིག་པའི་ཤིང་མོ་གླང་། ཕྱི་ལོ་ ༡༦༨༤ ལོར་ཨོ་རྒྱན་བསམ་གཏན་གླིང་དུ་གྲགས་པའི་ཆོས་སྡེ་ཆེན་པོ་དེ་ཉིད་བཏབ། ལྷས་ཀྱང་དགའ་བས་མེ་ཏོག་འཐོབ་སོགས་བཀྲ་ཤིས་པའི་སྣང་བ་འབུམ་ཕྲག་དུས་གཅིག་ཏུ་ཤར་བས་རྟེན་འབྲེལ་ལེགས་ལམ་གྱི་སྒོ་འབྱེད། རྫོགས་ཆེན་ལམ་གྱི་རྣལ་འབྱོར་རིག་འཛིན་འདུས་པའི་སྡེ་ཆེན་པོ་དགེ་འདུན་པ་སྟོང་ཕྱེད་ལྔ་བརྒྱར་ལོངས་པས་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་སྔ་འགྱུར་ངེས་གསང་སྙིང་པོའི་བསྟན་པ་ཉིན་བྱེད་ལྟར་གསལ་བར་མཛད་པ་ཡིན་ནོ།
དེ་ཡང་གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་ཞེས་མཚན་སྙན་གྱི་བ་དན་དཀར་པོ་སྲིད་པའི་རྩེ་མོར་མཏོ་བ་དེ་ཉིད་ཡིན་ལ། གང་ཉིད་བསྐལ་པ་དུ་མའི་སྔ་རོལ་ནས་མཚན་ཙམ་གྱིས་ཀྱང་ངན་འགྲོའི་གཡང་ལས་སྐྱོབ་པའི་བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་དུ་མངོན་པར་བྱང་ཆུབ་བརྙེས་སུ་ཟིན་ཀྱང་། སླར་ཡང་མུ་མེད་སྲིད་མཚོར་དུབ་པའི་འགྲོ་བ་མཏའ་དག་བསྒྲལ་བའི་སླད་དུ་རྒྱལ་བ་ཤཱཀྱ་སེང་གེའི་བསྟན་པ་འདིར་ཡང་འཕགས་པའི་ཡུལ་དུ་དཔལ་ལྡན་ས་ར་ཧ་པ་དང་། པཎ་ཆེན་བི་མ་མི་ཏྲ། སློབ་དཔོན་ཀུ་ཀུ་རི་པ། བོད་དུ་དཔལ་གྱི་སེང་གེ་དང་། ལང་གྲོ་དཀོན་མཆོག་འབྱུང་གནས། ཆོས་རྒྱལ་མངའ་བདག་ཁྲི་རལ། ཀརྨ་པ་དུས་གསུམ་མཁྱེན་པ། མཉམ་མེད་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་སོགས་སྣ་ཚོགས་གདུལ་བྱའི་མོས་ངོར་གང་འདུལ་སྒྱུ་འཕྲུལ་གྱི་མཛད་པ་ཅིར་ཡང་བསྒྱུར་ནས། སླར་ཡང་ཟབ་གསང་སྙིང་པོའི་ཐེག་པ་འོད་གསལ་རྫོགས་ཆེན་གྱི་བསྟན་པ་གཞི་བཞེངས་སུ་སློང་བའི་ཕྱིར་དུ་བསམ་བཞིན་དུ་མི་རུ་བརྫུས་པ་སྟེ། ཨོ་རྒྱན་གཏེར་བདག་གླིང་པས། ལང་གྲོའི་སྤྲུལ་པ་པདྨ་དྲག་པོ་མིང་། །རྣལ་འབྱོར་འཛིན་པ་མདོ་ཁམས་སྨད་ནས་འབྲུང་། །ཞེས་དང་། རིག་འཛིན་བདུད་འདུལ་རྡོ་རྗེས། རླང་དཔལ་སྤྲུལ་པ་རི་བོའི་ཕྱོགས་ནས་འབྱུང་། །པདྨ་མིང་ཅན་བྲང་ལ་སྨེ་བས་བརྒྱན། །ཅེས་པ་ལ་སོགས་པ་ནོར་བ་མེད་པའི་བཀའ་ལུང་གིས་ཇི་ལྟར་བསྔགས་པ་ལྟར་ཁམས་ཀྱི་རི་བོ་ཆེའི་ཕྱོགས་སུ་སྐུ་འཁྲུངས། གྲུབ་དབང་ཀརྨ་ཆགས་མེད་དང་། གངས་ལྗོངས་བསྟན་པའི་བདག་པོ་༸རྒྱལ་དབང་ལྔ་པ་ཆེན་པོ་སོགས་ཀྱི་ཞབས་ལ་གཏུགས་ནས་གསར་རྙིང་གི་གདམས་ཁྲིད་དང་ཕྱག་རྫོགས་རྣལ་འབྱོར་སོགས་ལ་ཐུགས་སྦྱངས། མདོ་རྒྱུད་མན་ངག་རྒྱ་མཚོའི་གནས་བསམ་མཐར་ཕྱིན་མཛད། བསམ་ཡས་མཆིམས་ཕུ་དང་། ལྷོ་བྲག་མཁར་ཆུ། ཡེར་པ་ལྷ་རི། ཤང་ཟབ་བུ་ལུང་། བྱང་གནམ་མཚོ། དཔལ་གྱི་ཙ་རི་ཏྲ་སོགས་སུ་སྒྲུབ་པ་མཛད་པས་ལྷག་པའི་ལྷས་ཞལ་གཟིགས། རིག་པ་ཚད་ཕེབས་ཀྱི་རྟོགས་པ་མདོན་དུ་བརྙེས་ཏེ་ཀུན་བཟང་དགོངས་པའི་རྒྱལ་ཐབས་ཆེན་པོ་ལ་མངའ་དབང་བསྒྱུར། རྫོགས་ཆེན་གཞི་ལམ་འབྲས་གསུམ་གྱི་དོན་སྟོན་པ་མན་ངག་ཤེལ་ཕྲེང་གི་གླེགས་བམ་དང་། གསོལ་འདེབས་བླ་མའི་རྣལ་འབྱོར་དང་བསྟོད་ཚིག་སྨོན་ལམ་གྱི་སྐོར། དགེ་བསྐུལ་ལྕག་འདེབས་ཀྱི་སྐོར། རང་ཉིད་ཀྱི་རྣམ་ཐར་འཕྲོས་དོན་དུ་ཡོད་པའི་ལྟ་སྒོམ་སྤྱོད་པའི་གདེངས་ཚད་ཉམས་མགུར་གྱི་སྐོར། ཐར་འདོད་ཀྱི་གང་ཟག་མཆོག་དམན་ཀུན་ལ་ཞལ་གདམས་ངོ་སྤྲོད་ཀྱི་སྐོར། སྒྲུབ་ཕྲིན་ཆོ་གའི་སྐོར་ཏེ་སྐོར་ཚོ་དྲུག་གི་རིམ་པ་རྣམས་ཕྱི་རབས་ཀྱི་གང་ཟག་རྣམས་བརྩེ་བས་རྗེས་སུ་བཟུང་བའི་ཕྱིར་བསྟན་པའི་བཙས་སུ་བཞག ཉམས་རྟོགས་ཀྱི་བགྲོ་གླེང་༸རྒྱལ་དབང་ལྔ་པ་ཆེན་པོར་འབུལ་སྐབས་ཟབ་ཡངས་ཐུགས་ཀྱི་ཀློང་དུ་ངེས་ཤེས་ཁྱད་པར་ཅན་འཁྲུངས་ཏེ། གསུང་ལས། ཁམས་རྫོགས་ཆེན་པས་ཉམས་རྟོགས་ཀྱི་འཆར་ཚུལ་བརྗོད་པར་བཅོས་མ་མ་ཡིན་པར་ཀློང་རྡོལ་བའི་གྲུབ་པའི་དབང་ཕྱུག་རྩེ་གཅིག་བསྐྱངས་བའི་ལག་རྗེས་ཤར་བར་སྣང་ཞེས་རྣམ་ཐར་པོ་ཏི་ཁ་པར་གསལ་ཞིང་། ཕྱིས་གྲུབ་དབང་ཉིད་ལ་འཕྲིན་ལན་གྱི་ཆབ་ཤོག་བསྩལ་བ་ཕུལ་དུ་བྱུང་བའི་བསྔས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད། དེ་ལྟར་གྲུབ་པའི་དབང་ཕྱུག་ཆེན་པོར་གྲགས་པའི་རྒྱལ་སྨིན་གྲོལ་གྱི་ལམ་ལ་བཀོད། སློབ་མའི་གཙོ་བོར་གྱུར་པ་ཉི་མ་ལྷ་བུར་རིག་འཛིན་ཉི་མ་གྲགས་པ། ཟླ་བ་ལྟར་བུར་གྲུབ་ཆེན་མེ་ལོང་རྡོ་རྗེའི་རྣམ་འཕྲུལ་རྗེ་ནམ་མཁའ་འོད་གསལ། ནམ་ཐོ་རངས་སྐར་ཆེན་ཤར་བ་ལྟ་བུར་བདེ་གཤེགས་མྱ་ངན་མེད་པ་མིའི་ཟོལ་དུ་བསྟན་པ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་ཏེ་ཐུགས་སྲས་བུ་ཆེན་གསུམ་གྱིས་གཙོས་སློབ་ཚོགས་རྒྱུ་སྐར་གྱི་གྲངས་ལ་འགྲན་པས་ཕྱོགས་ཀུན་ཁྱབ་ཅིང་། འཁོར་ལོ་གསུམ་གྱི་མཛད་བཟང་གིས་རྒྱལ་བལ་བསྟན་ཉིན་མོའི་སྣང་བ་ལྟར་གསལ་བར་མཛད། གྲུབ་མཆོག་འདི་ཉིད་སྐུ་ལུས་མ་སྤངས་པར་འོད་ལུས་གཞོན་ནུ་བུམ་སྐུ་འགྲུབ་པར་དགོངས་གཏད་ཀྱི་ཉམས་བཞེས་སྐྱོང་ཚེ། ༸གོང་ས་ལྔ་པ་ཆེན་པོ་མཆོག་གིས། ཨོ་རྒྱན་ལུང་ཟིན་པདྨའི་མཚན། །རྣལ་འབྱོར་དབང་ཕྱུག་ཁྱོད་ཉིད་ཀྱིས། །མདོ་སྨད་ཉི་མ་ཤར་ཕྱོགས་སུ། །རྒྱས་དང་རི་དམ་ར་བ་དཀར། །གང་རུང་གདན་ས་གནས་གྱུར་ཚེ། །བསྟན་འགྲོ་སྤྱི་ཡི་རྒུད་པ་གསོ། །མཐའ་འཁོབ་སྐྱེ་འགྲོ་ཆོས་ཀྱིས་འདུལ། །ཞེས་སོགས་ལྐོག་གྱུར་སྒྲིབ་མེད་དུ་གཟིགས་པའི་རྡོ་རྗེའི་བཀའ་ལུང་གིས་བསྐུལ་ནས་སྔོན་རྗོ་བོ་རྗེ་བོད་དུ་ཕེབས་པའི་རྣམ་ཐར་དང་མཚུངས་པར་བསྟན་འགྲོའི་དོན་ཆེན་ཐུགས་ལ་བརྣགས་ཏེ་ཟབ་གསང་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་ཕྱིར་གོང་དུ་སྨོས་མ་ཐག་པ་ལྟར་གདན་ས་དེ་ཉིད་དུ་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་སྔ་འགྱུར་ངེས་གསང་སྙིང་པོའི་བསྟན་པ་ཉིན་བྱེད་ལྟར་གསལ་བར་མཛད་པ་ཡིན་ནོ། དེ་ཡི་སྐུ་སྐྱེ་གྲུབ་དབང་སྐུ་ཕྲེང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན། སྐུ་ཕྲེང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ། སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། སྐུ་ཕྲེང་དྲུག་པ་ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་ནས་ད་ལྟའི་བར་འཚོ་བཞུགས་ཀྱི་གྲུབ་དབང་སྐུ་ཕྲེང་བདུན་པ་འཇིགས་མེད་བློ་གསལ་དབང་པོའི་བར་ཀྱིང་སྐྱེས་ཆེན་དམ་པ་ཞས་གཅིག་ཕེབས་ཏེ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པའི་བསྟན་པ་རིན་པོ་ཆེ་མི་ཉམས་བརྒྱུད་འཛིན་གྱི་བཀའ་དྲིན་བླ་མེད་དུ་བསྐྱངས་སོ། །
ད་ལྟའི་དབུ་བཞུགས་གྲུབ་དབང་སྐུ་ཕྲེང་བདུན་པ་མཆོག་ནི། ཨོ་རྒྱན་སངས་རྒྱས་གཉིས་པས་བྱིན་གྱིས་བརླབས་པའི་བཀྲ་ཤིས་གཡང་ཆགས་དངོས་གྲུབ་ཀྱི་ཆར་རྒྱུན་འབེབས་པའི་གནས་མཆོག་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་རྒྱལ་སར། རིགས་རུས་ཁྱད་པར་ཅན་ཡབ་ཚེ་དབང་དཔལ་འབྱོར་དང་། ཡུམ་པདྨ་ཚེ་རིང་དབང་མོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༦༤ ཟླ་ ༡༢ ཚེས་༡༧ རབ་རྒྱལ་ཤིང་འབྲུག་མགོ་ཟླ་བའི་ཡར་ཚེས་བཅུ། རྒྱལ་དབང་པདྨ་ག་རཱ་གངས་ལྗོངས་སུ་བྱོན་ནས་བོད་ཀྱི་ཡུལ་ཀུན་གཏེར་གྱིས་གཏམས་པའི་སྟ་གོན་དུ་གཞི་བདག་དབང་བསྡུས་གཏེར་གྱི་གཉེར་བྱང་གཏད་པའི་བཀྲ་ཤིས་པའི་དུས་ཚེས་ཉིན་གྲུབ་དབང་མཆོག་གི་སྤྲུལ་པའི་ཡང་སྲིད་ཀྱི་ཉི་གཞོན་གསར་པ་འདི་ཉིད་སྐུའི་གཅེན་པོ་གཏེར་སྟོན་བསོད་རྒྱལ་རིན་པོ་ཆེ་སོགས་སྲས་མཆེད་ལྕམ་བཞི་ཐ་ཆུང་དུ་སྐུ་བལྟམས། དེ་ཡང་ཐོག་མར་ལྷུམས་སུ་ཞུགས་པའི་སྐབས་ཡབ་ཀྱི་གཟིམས་ལམ་རྫོགས་སྤྲུལ་སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཡང་ཡང་མཇལ་བ་དང་། ཡུམ་གྱི་རྫོགས་ཆེན་གྱི་སྒར་པ་དཀར་ཚང་གི་སྔར་གྱི་ཕོ་བྲང་གི་ཁོར་ཡུག་ཏུ་ཕེབས་པ་ལན་འགའ་སྨྲས་པ་དང་། སྲུ་མོ་ཚེ་རིང་ཆོས་སྒྲོན་གྱི་གཟིམས་ལམ་དུ་ལྭ་དཀར་ཕོ་བྲང་གི་སྒོ་འགྲམ་དར་ཆེན་གྱི་རྩ་བ་ནས་གཡུ་འབྲུག་ཅིག་གྱེན་ལ་འགྲོ་བ་དང་། ནམ་མཁར་འཕགས་རྗེས་ངར་སྐད་ཀྱིས་གནམ་ས་གཡོ་བ་རྨིས་པ་སོགས་དང་། གཞན་ཡང་ཆུ་སྣོད་དུ་ཆབ་འོ་མར་གྱུར་པ་སོགས་ཡ་མཚན་པའི་ལྟས་བཟང་པོ་མང་པོ་བྱུང་ཞིང་། དུས་མཚུངས་སུ་རུ་དམ་རྫོགས་ཆེན་པའི་གདན་སར་ཡང་གངས་ལ་སེང་གེ་འཕྱོ་བ་དང་། དགུན་གྲང་བའི་སྒང་ལ་མེ་ཏོག་བཞད་པ། དགུན་གྱི་དུས་སུ་འབྲུག་སྒྲ་གྲགས་ཤིང་གློག་འོད་འཁྱུགས་པ་དང་། སྣོད་བཅུད་སྔར་དང་མ་འདྲ་བར་བཀྲག་མདངས་དང་ལྡན་པར་གྱུར་པ་སོགས་ངོ་མཚར་བའི་རྟགས་མཚན་མང་པོ་བྱུང་བ་ནི་མཐོང་ཆོས་སུ་གྱུར་པའོ། །སྐུ་འཁྲུངས་མ་ཐག་ཏུ་བྱ་ཕོ་རོག་གིས་བསྲུང་བ་སོགས་སྲུང་མ་འགོ་བའི་རྟགས་མཚན་གསལ་བ་དང་། སྐུ་རྩེད་ཅི་མཛད་ཐམས་ཅད་ཆོས་བྱེད་ཀྱི་ལད་མོ་མཛད་པ། སུས་མཐོང་དྭངས་བ་འདྲེན་པ་བྱིས་པ་གཞན་ལས་ཁྱེད་པར་དུ་འཕགས་པ་ཞིག་གོ །དེའི་སྐབས་སུ་རྒྱལ་དབང་ཀརྨ་པའི་ལུང་བབྱང་དང་། རྡོ་གྲུབ་རིན་པོ་ཆེས་ངོས་འཛིན་མཛད་པ་སོགས་གཅིག་ཏུ་འཁེལ་བ་དང་། ༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་ཕྱག་གིས་དབུལ་བྱིལ་བྱིལ་གནང་གནང་ནས་རྡོ་གྲུབ་ཆེན་གྱིས་གསུངས་པར་འཁྲུལ་བ་མི་འདུག པདྨ་རིག་འཛིན་གོང་མ་དངོས་ཡིན་སྣང་ཤར་གྱི་ཞེས་ལུང་གིས་བསྔགས། གཙུག་ཕུད་བཞེས་པའི་མཚན་དུ་བསྟན་འཛིན་འཇིགས་བྲལ་ལྷུན་པོ་ཞེས་གནང་བ་ནས་ཞབས་བརྟན་གསོལ་འདེབས་ཀྱང་ལྕགས་རྩོམ་གནང་སྟེ། སྔ་འགྱུར་བསྟན་པའི་བདག་པོར་མངའ་གསོལ་གཟེངས་བསྟོད་མཛད། དགུང་ལོ་དྲུག་ནས་ཀློག་ཕུལ་བས་བསླབས་པ་ཙམ་གྱིས་མཁྱེན་པར་གྱུར། དགུང་ལོ་བཅུ་གསུམ་ནས་བཞུགས་སྒར་རྡ་རམ་ས་ལར་རིགས་ལམ་སློབ་གྲྭར་སྐུ་ཡོན་གསན་བཞེས་གནང་བས་མཁྱེན་དཔྱོད་དང་ཐུགས་བརྩོན་གཞན་ལས་འཕགས་ཤིང་། མཐའ་ཡས་པའི་ཤེས་བྱ་ཐམས་ཅད་གང་གི་སྐྱེ་བས་ཐོབ་པའི་མཁྱེན་རབ་རྨད་དུ་བྱུང་བས་རྒྱ་མཚོ་ཆེན་པོར་ཆུ་ཀླུང་འདུ་བ་བཞིན་ཁོང་དུ་ཆུད་པར་མཛད་པ་ནས་བཀའ་གཏེར་དབང་གི་ཆུ་བོ་གདམས་ཟབ་སྨིན་གྲོལ་གྱི་རིམ་པ་རྣམས་ཀྱང་ལེགས་པར་གསན་བསམ་སྒོམ་གསུམ་མཛད་པ་སོགས་རྣམ་ཐར་བཟང་པོའི་ཕྲིན་ལས་ལ་མངའ་དབང་འབྱོར་བ་དེ་ཉིད་དོ། །༸གོང་ས་མཆོག་གིས་ཀྱང་རྨེ་བ་མཁན་ཆེན་ཐུབ་བསྟན་ལོ་རེར་ཟླ་བ་གསུམ་ཙམ་རིང་གདན་ཞུས་ཀྱིས་ཀུན་བཟང་བླ་མའི་ཞལ་ལུང་།་ངལ་གསོ་སྐོར་གསུམ། ཀློང་ཆེན་མཛོད་བདུན། རྒྱུད་གསང་སྙིང་། སྙིང་ཐིག་ཡ་བཞི་སོགས་གསན་བསམ་ཉམས་བཞེས་ཀྱི་སྒོ་ནས་ལྷ་སྒོམ་སྤྱོད་པའི་གདེངས་ཚད་རྙེད། གནས་ཆུང་ཆོས་སྐྱོང་ཆེན་པོས་རྣམ་ཀུན་གཡེལ་མེད་བུ་བཞིན་སྐྱོང་བའི་ལུང་བསྟན་བསྩལ། གཞན་ཡང་བདུད་འཇོམ་རིན་པོ་ཆེ་ལས་བདུད་འཇོམས་གཏེར་གསར་སྐོར་དང་། མཁྱེན་བརྩེ་རིན་པོ་ཆེ་ལས་མཆོག་གླིང་ཆོས་སྐོར་དང་རྫོགས་ཆེན་སྡེ་གསུམ་གྱི་ཟབ་ཁྲིད། འཁྲུལ་ཞིག་རིན་པོ་ཆེ་ལས་འཇལ་ཚོན་ཆོས་སྐོར་སོགས་དང་། ༸གོང་ས་མཆོག་ལས་དུས་འཁོར་དབང་ཆེན་སོགས་དང་། མཁན་ཆེན་ཐུབ་བསྟན་ལས་གསང་འགྲེལ་ཕྱོགས་བཅུའི་མུན་སེལ། ཡེ་ཤེས་བླ་མ། ཁྲེགས་ཆོད་ཐོད་རྒལ་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན། ཕྱིས་སུ་མཁན་ཆེན་པདྨ་ཚེ་དབང་ལས་ཀྱང་། གསང་སྙིང་སྐོར་དང་། ཡེ་ཤེས་བླ་མ། ལྟ་གྲུབ་ཤན་འབྱེད་སོགས་གདམས་ཁྲིད་དུ་མ་མནོས། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་བཞིན། གཙོ་བོ་ཡབ་ཡུམ་གཉིས་ནས་ཐུགས་འགན་ཆེ་བཞེས་ཐོག ཕྱི་ལོ་ ༡༩༩༢ ལོར་འཕགས་ཡུལ་རྡོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གཙུག་ལག་ཁང་ཆེན་མོ་རྟེན་དང་བརྟེན་པ་བཅས་ལེགས་པར་བཞེངས་གྲུབ་ཅིང་། ༸གོང་ས་༸རྒྱལ་བའི་དབང་པོ་མཆོག་གིས་སྒོ་འབྱེད་རབ་གནས་ཀྱི་མཛད་སྒོ་བཀའ་དྲིན་བསྐྱང་སྐབས། རྒྱལ་བསྟན་ལུང་རྟོགས་ཀྱི་རྩ་བ་བཤད་སྒྲུབ་ཀྱི་སྡེ་འཛུགས་དགོས་པའི་བཀའ་ལུང་ཟབ་མོ་ཕེབས་དོན་ལྟར། བཤད་གྲྭར་མདོ་སྔགས་རིག་གཞུང་གི་འཆད་ཉན། སྒྲུབ་གྲྭར་སྔོན་འགྲོ་འབུམ་གྲངས། ལོ་གསུམ་ཟླ་གསུམ་གྱི་བཅད་རྒྱ། གྲྭ་ཚང་དུ་མཐོང་བརྒྱུད་ཀྱི་ཆོ་ག་ཕྱག་ལེན་དང་། གར་ཐིག་དབྱངས་གསུམ། བཅའ་རྡུང་འབུད་གསུམ་སོགས་ཀྱི་གཞི་རྐང་སྲ་བརྟན་ཚུགས་ནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་གྲུབ་དབང་རྫོགས་ཆེན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བར་བརྩོན་བཞིན་པ་བཅས་སོ།། །།