ཤྲཱི་སེང་མཁན་པོ་ཁྲི་གསོལ་གྱི་མཛད་སྒོ།

     སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༡ ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི། གྲུབ་དབང་རྫོགས་ཆེན་དགོན་ཤྲཱིར་སེང་ལས་ཐོག་མཁན་རབས་ ༤ པ་དང་། གཞན་ཡང་ཤྲཱི་སེང་བཤད་གྲྭར་ཐོས་བསམ་སློབ་གཉེར་བྱས་ཟིན་པའི་སློབ་དཔོན་ལྔ་ལ་མཁན་པོའི་མིང་གསོལ་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

   དེ་ཡང་ཉིན་མོ་དེར་ཀོ་ལེ་གྷལ་དོན་ལྡན་གླིང་ས་གནས་མི་མང་གིས་གྲུབ་དབང་རྫོགས་ཆེན་ཡིད་བཞིན་ནོར་བུ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་ཕུལ་བའི་སྐབས་དང་བསྟུན་ནས། རྫོགས་ཆེན་དགོན་ནས་མཁན་པོ་ཁྲི་གསོལ་གྱི་མཛད་སྒོ་ཞིག་སྤེལ་ཏེ། ཤྲཱི་སེང་བཤད་གྲྭའི་ལས་ཐོག་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་འཕགས་ཡུལ་རྫོགས་ཆེན་ཤྲཱི་སེང་བཤད་གྲྭའི་མཁན་རབས་ ༤ པར་མངའ་གསོལ་ཁྲི་འདོན་མཛད་པ་དང་། གཞན་ཡང་ཤྲཱི་སེང་བཤད་གྲྭ་ནས་སློབ་མཐར་སོན་པའི་སློབ་དཔོན་འཇིགས་མེད་ལྷུན་གྲུབ་དང་། སློབ་དཔོན་པདྨ་བློ་གྲོས་དང་། སློབ་དཔོན་བརྩོན་འགྲུས་དང་། སློབ་དཔོན་གྲགས་པ་ཡེ་ཤེས། སློབ་དཔོན་གུ་དྲག་བཅས་ལ་ཁྲིམས་ལྡན་སྡེ་སྣོད་འཛིན་པ་ཞེས་མཁན་པོའི་མཚན་གསོལ་ཁྲི་འདོན་བྱས་ཡོད་པ་རེད།     འཕགས་ཡུལ་རྫོགས་ཆེན་ཤྲཱི་སེང་བཤད་གྲྭའི་མཁན་རབས་དང་པོ་ནི་རྨེ་བ་མཁན་ཆེན་ཐུབ་བསྟན་དང་། མཁན་རབས་གཉིས་པ་མཁན་ཆེན་པདྨ་ཚེ་དབང་དང་། མཁན་རབས་གསུམ་པ་རྫོགས་ཆེན་མཁན་པོ་ཆོས་དགའ། བཅས་ཡིན་པ་རེད་འདུག

Menu