རྫོགས་ཆེན།

རྫོགས་ཆེན་སྐུ་ཕྲེང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ།

བཀླགས་གྲངས། 544

༈ རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་ཆེན་པོ་ནི། ལྷོ་ཕྱོགས་གྱི་ཙ་རི་ཏྲ་དཔའ་བོ་དང་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་མཆོག་ཏུ།

རྗེ་གོང་མའི་ལུང་ལས། ཁྱད་པར་གནས་མཆོག་དཔལ་གྱི་བསམ་ཡས་ཀྱི། །བྱང་ནས་བྱང་དུ་བསྙེགས་པའི་གྲོང་ཁྱེར་དུ། །ཐབས་ཤེས་ཨི་ཨུར་ཞུགས་པའི་མིང་ཡིག་དང་། །པུཎྱ་དྷེ་ཝ་ཞེས་གྲགས་གཙང་མའི་རིགས། །ཞུགས་དང་བལྟམས་པའི་མཚན་ལྟས་གསར་དུ་ངོམ། །སྐྱེ་ཀུན་འབྲེལ་བའི་ལྷ་མཆོག་དྲེགས་པའི་རྗེ། །མཐུ་ཆེན་སྲུང་མའི་དབང་པོ་སྡེ་བཞི་ཡི། །མི་འདའ་རྡོ་རྗེའི་ཐ་ཚིག་གཉན་པོ་ཡིས། །མི་རིང་གནད་ས་འཛིན་པའི་དཔལ་དུ་ཤར། །ཞེས་སོགས་དང་། དམ་པ་དུ་མའི་བླུ་མེད་རྡོ་རྗེའི་ལུང་བྱང་མང་པོ་ནས་དགོངས་པ་གཅིག་དང་དབྱངས་གཅིག་གིས་བསྔགས་པ་ལྟར། ཡབ་མཁན་ཆེན་གཞན་དགའི་ཐུགས་སྲས་ངག་དབང་ནོར་བུ་དང་། ཡུམ་ཙ་རིའི་མཁའ་འགྲོ་ཚེ་རིང་ཆོས་སྒྲོན་སྟེ་རིགས་རུས་ཁྱད་པར་ཅན་དུ་ཡ་མཚན་ངོ་མཚར་གྱི་ལྟས་བཟང་དུ་མ་དང་བཅས་ཏེ། རབ་བྱུང་བཅུ་དྲུག་པའི་ནང་ཚན་རབ་རྒྱན་ཤིང་ཕག་ལོ། སྤྱི་ལོ་ ༡༩༣༥ ལ་སྐུ་འཁྲུངས། སྐུ་གོང་མའི་ལུང་བསྟན་ལྟར་མཆོག་སྤྲུལ་དྲི་མེད་ནས་མཁའ་འགྲོའི་སྒྲུབ་གནས་གཞོ་སྟོད་ཏི་སྒྲོའི་ཉེ་འདབས་ནས་དམ་པ་གོང་མའི་སྐྱེ་སྲིད་དུ་ངོས་འཛིན་མཛད་པས་ཀུན་ལ་དད་སྤྲོ་དང་དགའ་གུས་ངང་གིས་སྐྱེས། མི་རིང་བར་རྗེ་གོང་མའི་གདན་ས་རུ་ཞབས་པད་བསྐྱོད། མཁན་སྤྲུལ་བདེ་དགའ་རིན་པོ་ཆེ། རྫོགས་ཆེན་ཀོང་སྤྲུལ། གླིང་བླ། ཕུར་ཚ། འབྲུག་སྤྲུལ། ཕྱག་མཛོད་བཟོད་པ་སོགས་ནས་སྣེ་ལེན་གཟབ་རྒྱས་དང་བཅས། རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། སྡེ་དགེ་ཆོས་རྒྱལ་ཡབ་ཡུམ། གླིང་ཚང་རྒྱལ་པོ་ཡབ་སྲས་སོགས་བསྟན་པའི་སྦྱིན་བདག་རྣམས་ཀྱིས་གཙོས་མི་སྡེ་དང་། རང་དགོན་གྱི་བླ་སྤྲུལ་ཁག་སོགས་འབྲེལ་ཡོད་ཞེ་ཆེན། ཡིད་ལྷུང་། རྫ་ཁོག །སྡེ་དགེ །མདོ་སྨད་མི་ཉག་གི་ཡུལ་གྲུ་སོགས་ཀྱི་བླ་སྤྲུལ། དཔོན་བློན། ལྷ་མིའི་སྡེ་ཚོགས་དཔག་ཏུ་མེད་པས་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་ལ་མངའ་གསོལ།
སྐུ་བྱིས་པའི་དུས་ནས་འབྲི་ཀློག་སོགས་བརྡ་དང་རྟགས་ཙམ་གྱིས་མཁྱེན་ཞིང་མཁྱེན་རབ་དང་རྣམ་དཔྱོད་འགྲན་ཟླ་བྲལ་བས་ཐ་མལ་གྱི་སྐྱེ་བོས་ལོ་ཟླ་དུ་མར་འབད་པའི་གནས་ཀྱང་གཟིགས་པ་ཙམ་གྱིས་མཁྱེན་ནས་བཅུ་ཕྲག་རིག་པའི་གནས་ཡན་ལག་དང་བཅས་པ་དུས་ཡུན་རིང་པོའི་ངལ་བ་ལ་མ་ལྟོས་པར་དགོངས་དབྱིངས་སུ་ཆུབ་པ་སྟེ། སྐུའི་ཡོངས་འཛིན་མཁན་ཆེན་གཞན་དགའི་ཐུགས་སྲས་ཀྱི་ཐུ་བོ། རྫོགས་ཆེན་གཅོད་པ་སྐྱ་མོ་སྨན་ལྷ་ལ། རིགས་གསུམ་སྤྲུལ་པའི་རྣམ་རོལ་སྲས་གསུམ་བྱོན་པའི་འབྲིང་བ། མཁས་བཙུན་བཟང་པོའི་དཔལ་ལྡན་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་རྟ་མགྲིན་ཡོན་ཏན་མགོན་པོ་དུས་ཀུན་འབྲལ་བ་མེད་པར་ཡོངས་འཛིན་དུ་བསྟེན་ཅིང་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནས་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་། ཀློང་ཆེན་མཛོད་བདུན། སྙིང་ཐིག་ཡ་བཞི་ལ་སོགས་པའི་མན་ངག་ཟབ་ཁྲིད་ཀྱི་སྐོར་སོགས་གསན་བསམ་རྒྱ་མཚོའི་ཕ་མཐའ་རུ་བདེ་བླག་ངང་སོན། དགུང་ལོ་བརྒྱད་པར་དམ་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་ནས་ཐོག་མར་སུམ་ལྡན་འདུས་པའི་དགེ་འདུན་སྟོང་ཕྲག་མང་པོ་འཚོགས་པའི་བུམ་སྒྲུབ་ཆེན་མོའི་དབུ་བཞུགས་མཛད་དེ་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་ཤིང་། གནམ་ལ་ཉི་ཟླ་སྐར་གསུམ་འཛོམས་པ་དང་། དགུན་གྲང་བའི་སྒང་ཡིན་ཡང་དབྱར་རྔའི་སྒྲ་ལྡིར་ཞིང་འུག་ཆོས་མེ་ཏོག་བཞད་པ་སོགས་ལྷར་བཅས་ཆེ་དགུའི་གཙུག་གིས་བཏུད་པའི་ངོ་མཚར་བའི་ལྟས་དུ་མ་དང་བཅས་མཆོག་གི་རྡོ་རྗེ་སློབ་དཔོན་དུ་ཁྲིར་ཕེབས། དེ་ཉིད་བཅུ་དང་རང་བཞིན་བརྒྱད་ལ་སོགས་པ་རྡོ་རྗེ་ཐེག་པ་རང་གཞུང་ནས་ཇི་ལྟར་འབྱུང་བ་བཞིན་གྱི་ཡོན་ཏན་དང་མཚན་ཉིད་ཐམས་ཅད་མ་ཚང་བ་མེད་པས་སྐལ་ལྡན་ལས་ཅན་འདུས་པ་དང་པོའི་འཁོར་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། དགུང་ལོ་བཅུ་ནས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིགས་ཀྱི་བདག་པོར་བཀུར་བ་དང་། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན། འཁྲུལ་ཞིག་ཀུན་དགའ་དཔལ་ལྡན། ཉི་གྲགས་རིན་པོ་ཆེ་ཐུབ་བསྟན་བཤད་སྒྲུབ་བསྟན་པའི་ཉི་མ། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱ་མཚོ། རྒྱལ་རོང་ནམ་སྤྲུལ། མཁན་ཟུར་ཐུབ་བསྟན་སྙན་གྲགས། མཁན་ཟུར་པདྨ་ཚེ་དབང་། རྫ་ལྕང་མའི་མཁན་པོ་ཐུབ་དགའ། མུ་ར་པདྨ་ནོར་བུ། དགེ་བའི་བཤེས་གཉེན་ཚུལ་ཁྲིམས་བློ་གྲོས། ཡབ་རྗེ་ངག་དབང་ནོར་བུ། འབྲི་གུང་གཏེར་ཆེན་སོགས་དམ་པ་དུ་མའི་ཞབས་པད་བསྙེན་ནས་གསར་རྙིང་རིས་སུ་མ་ཆད་པའི་དབང་ལུང་མན་ངག་ཁྲིད་རྒྱུན་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་ཐུགས་ཉམས་སུ་བཞེས།
     ཡི་དམ་སོ་སོའི་བསྙེན་སྒྲུབ་མཐར་ཆགས་སུ་མཛད་པས་སྒྲུབ་རྟགས་མངོན་དུ་གྱུར། དགུང་ལོ་བཅུ་བདུན་ནས་བསྟན་སྲིད་ཀྱི་ཐུགས་འགན་བཞེས། ཆོས་ཁྲིམས་དར་གྱི་མདུད་པ་སྡོམ་གསུམ་གནང་བཀག་གི་བཅའ་ཁྲིམས་ལ་གཞི་བཟུང་། རྟེན་བཞེངས་ཀྱི་མཛད་པ་རླབས་ཆེན་གྱི་དབུ་བརྩམས། གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པའི་བུ་དགོན་ཉིས་བརྒྱ་དང་ལྔ་བཅུ་ལྷག་ལ་སྤེལ་བ་སོགས་མཛད་འཕྲིན་ནམ་མཁའི་ཕྱོགས་མཐར་བདལ། མཁྱེན་རབ་ཀྱི་རྩལ་འབར་ཞིང་སྤོབས་པའི་གཏེར་བརྒྱད་གྲོལ་བས་དབུ་ཕར་འདུལ་མངོན་དང་། རྒྱུད་རྒྱལ་གསང་བ་སྙིང་པོ། ཡོན་ཏན་རིན་པོ་ཆེའི་མཛོད་སོགས་རྒྱ་བོད་མདོ་སྔགས་ཀྱི་གཞུང་ལུགས་མང་པོ་ཐུགས་ཐོག་ནས་འཆད་རྩོད་རྩོམ་པར་ཐོག་མ་མི་མངའ་བས་མཁས་པའི་ཕུལ་དུ་ཕྱིན། སྒོམ་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པའི་གྲུབ་རྟགས་གདུལ་བྱ་ཐུན་མོང་བའི་ངོར་ཡང་རྡོ་ལ་ཞབས་རྗེས་བཞག་པ་དང་། ན་བཟའི་དུམ་བུ་ཙམ་གྱིས་ཀྱང་ནད་གདོན་དང་མཚོན་གྱི་འཇིགས་པ་འགོག་པ། གཞན་སྣང་དབང་དུ་བསྡུ་བའི་ཏིང་འཛིན་གྱིས་སྡེ་བརྒྱད་ལས་ལ་འདུ་བས་ཅི་བཅོལ་གྱི་འཕྲིན་ལས་སྒྲུབ་པ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་པ་ངོ་མཚར་བ་བསམ་གྱིས་མི་ཁྱབ།
དགུང་ལོ་ཉི་ཤུ་པར་གོང་མ་རིམ་བྱོན་གྱི་ཕྱག་རྒྱུན་ལྟར་ཡུལ་དབུས་སུ་ཆིབས་བསྐྱོད་ནས་༸གོང་ས་༸སྐྱབས་མགོན་བཅུ་བཞི་པ་མཆོག་ལ་མཇལ་འཕྲད་གནང་བ་དང་། གདན་ས་རྣམས་གསུམ། རྡོ་སྨིན་དཔའ་རི། ཆོས་འཁོར་ཆེན་པོ་གསུམ་སོགས་རིས་མེད་གསར་རྙིང་དགོན་གནས་ཆེ་ཕྲ་ཀུན་ལ་གནས་གཟིགས་དང་སྦྲགས། བསྙེན་བཀུར་མང་འགྱེད་སོགས་གཏོས་ཆེ་བློ་ཡུལ་ལས་འདས་པར་མཛད་ཅིང་། བསྟན་འགྲོ་ལ་སྨན་པའི་གཞི་རྩར་དམིགས་ཏེ་ཁྲ་འབྲུག་ཏུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་དཔོན་འཁོར་དྲུག་ཅུ་ལྷག་ནས་སྒྲུབ་ཆེན་ཚུགས། ཁྱད་པར་དུ་འཕྱོངས་རྒྱས་དཔལ་རི་དགོན་འདི་རྫོགས་ཆེན་སྐུ་ཕྲེང་དང་པོ་གྲུབ་དབང་པདྨ་རིག་འཛིན་གྱི་དུས་ནས་བཟུང་ཆོས་དམ་གྱི་འབྲེལ་བ་ཆེ་བ་བཞིན། མི་ཉག་པ་རྒྱལ་དབང་ཉི་མ་ཐང་དགོན་གྱི་ལས་འཛིན་རྡོར་སློབ་དབུ་མཛད་ཀྱིས་གཙོས་ཚོགས་དམངས་ནས་ཆེད་དུ་གདན་ཞུས་ལྟར། དགོན་དུ་ཞབས་སོར་བཀོད། དེར་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་གདན་སར་སོང་གཤིས་གྲྭ་དམངས་ནས་ཆེད་ཞུས་ལྟར། དེ་ཀའི་གཏེར་ཁ་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་སྨིན་བྱེད་རིག་འཛིན་འཇིགས་མེད་གླིང་པའི་ཡིག་ཆ་ལྟར་སྨིན་གྲོལ་གྱི་རྒྱབ་བརྟེན་དང་བཅས་པ་སོགས་ཆོས་བཀའ་མང་པོ་ཞིག་བཀའ་དྲིན་དུ་བསྩལ། དེ་ནས་གོང་མ་རིམ་བྱོན་རྣམས་ཀྱི་ཕྱག་སྲོལ་བཞིན་གནས་ཆེན་ཙ་རི་ཏྲ་སོགས་སུ་གནས་གཟིགས་དང་ཐུག་དམ་བོགས་འདོན་དང་སྦྲགས་ཆིབས་བསྐྱོད་ནས་དབུས་གཙང་ལྷོ་གནས་ཡོངས་རྫོགས་སུ་བསྙེན་བཀུར་འབྲེལ་འཇོག་རྒྱ་ཆེན་པོ་མཛད་ནས་སླར་ཡང་༸གོང་ས་༸སྐྱབས་མགོན་བཅུ་བཞི་པ་ཆེན་མོའི་བཀའ་དགོངས་ལྟར་མཇལ་ཕྱག་ཏུ་བཅར་བས། མ་ཧཱ་པཎྚི་ཏ་ཨེར་ཏི་ནེ་ཧོ་ཐོག་ཐུ་ཞེས་པའི་མཚན་གྱི་ཅོད་པཎ་གསོལ།
བོད་གཞུང་ནས་ཀྱང་སྐུ་ཕྲེང་གོང་མ་རྣམས་ལས་ལྷག་པའི་གཟིགས་མཐོང་ཆེན་པོ་བྱས། ཆེན་པོར་འོས་པའི་ཡོ་བྱད་སྣ་ཚོགས་ཀྱིས་ཆོས་སྲིད་ཀྱི་ཁྲི་འཕང་མཐོན་པོར་གཟེངས་སུ་བསྟོད་པ་བདག་གིར་བཞེས། འདིའི་དུས་སུ་ཆོལ་གསུམ་བོད་ཁམས་ཀྱི་དགོན་སྤྲུལ་ཕལ་མོ་ཆེ་ཞལ་ཕྱི་གླིང་དུ་ཕྱོགས་པའི་སྒང་ཡིན་ཡང་། འདྲེན་པ་མཆོག་གིས་རྒྱལ་དང་དེ་སྲས་ཀྱི་མཛད་སྤྱོད་དགོས་པ་ཁྱད་པར་ཅན་གཞན་ལ་གཟིགས་ནས་སླར་གདན་ས་རང་དུ་ཆིབས་ཀྱི་ཁ་ལོ་བསྒྱུར། གཙང་དབུས་ཁམས་གསུམ་གྱི་དགོན་ཁག་དང་ཆོས་སྡེ་ཚང་མར་སྐུ་འབྱེད་དང་། གསོལ་འདྲེན། རྟེན་བཞག་སོགས་གྱ་ནོམ་པའི་ལེགས་འབུལ་བསྟབས་པ་ལས་གཞན་སྨོན་ལམ་དང་ཐུགས་དམིགས་རྣམ་པར་དག་པས་ཕྱི་ཕྱག་མཛད། སྔར་ས་གཡོ་དང་མེ་ཡི་འཇིགས་པས་གྲུབ་དབང་སྔ་མ་སྐུ་རབས་ལྔའི་རིང་གི་གདན་ས་ཉམས་ཞིང་ལྷ་ཁང་དང་རྟེན་གསུམ་ཞིག་རལ་དུ་གྱུར་པ་ཕལ་མོ་ཆེ་སོར་ཆུད་པ་མཛད་ཐོག །ཕན་དང་བདེ་བའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཚེ་འཇིག་རྟེན་གྱི་ཁམས་སུ་ཡུན་ནས་ཡུན་དུ་གནས་པ་དང་། དེ་འཛིན་གྱི་སྐྱེས་བུའི་ཚོགས་རྣམས་ཞབས་པད་བསྐལ་བརྒྱར་བརྟེན་ཞིང་། འགྲོ་ལ་ཕན་པའི་ཐུགས་བསྐྱེད་རླབས་པོ་ཆེ་དུས་སུ་སྨིན་པའི་ཕྱིར། རྒྱལ་ཁམས་སྤྱིའི་ཞབས་རིམ་སོགས་སུ་ཐུག་འདུན་གནང་སྟེ། ཟངས་གསེར་ལས་གྲུབ་པའི་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ཁང་བརྩེགས་གསུམ་པ་དང་། སྙིང་ཐིག་གི་རྩ་བ་གསུམ་གྱི་ལྷ་སྐུ་བརྙན། རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཟངས་མདོག་དཔལ་རིའི་ཞིང་བཀོད་ཀྱི་བློ་བསླང་ངོ་མཚར་གྱི་དཔལ་འབར་བ། གྲུབ་དབང་གོང་མ་རྣམ་ལྔའི་སྐུ་བརྙན་བཅས་གསར་བསྐྲུན་དང་། བླ་མ་དགོངས་པ་འདུས་པས་གཙོས་པའི་མཆོད་ཁག་བཅུ་གསུམ་ཅན་གྱི་གཏེར་སྒྲུབ་ཆེན་མོ་རྒྱུན་བཞག་དང་། སྔར་སྲོལ་གྱི་ལོ་རའི་མར་མེ་འབུམ་གྱི་ཁར་སླར་མར་མེ་ཆིག་ཁྲི་ཁ་སྐོང་དང་བཅས་པ་རྒྱུན་འཛུགས་མཛད། སྔར་ཡོད་དུས་དང་སྒྲུབ་པའི་མཆོད་པ་ཁག་གི་ཚོགས་འཛུགས་ཀྱི་རྟེན་རྩ་སོ་སོར་ཟང་ཟིང་གི་ཁ་བསབས་འབོར་ཆེན་གནང་། བཤད་གྲྭ་བ་བརྒྱ་དང་། སྒྲུབ་གྲྭ་བ་བརྒྱད་ཅུ་རྒྱུན་བཞག་དང་། མགོན་ཁང་དབང་དྲག་རོལ་བ་གསོལ་ཀ་གྲྭ་ཚང་དང་བཅས། ཞི་ཁྲོའི་ལྷ་ཁང་དང་གེ་སར་ལྷ་ཁང་རྟེན་བརྟེན་པ་དང་བཅས་པ། དགོངས་འདུས་དང་ཞི་ཁྲོའི་སྒྲུབ་ཆེན་འཆམ་སྲོལ་དང་བཅས་པ་གསར་འཛུགས་གནང་རྒྱུའི་རྨང་བཏིང་། དགུང་ལོ་ཉེར་གཅིག་པར་བསྙེན་པར་རྫོགས་ཏེ། ཕྱི་སོ་ཐར་འདུལ་པའི་བཅའ་ཁྲིམས་འདུལ་བ་རང་གཞུང་ལྟར་བསྲུངས་པས་ཉེས་ལྟུང་གི་རྙོག་མས་མ་གོས། ནང་བྱང་སེམས་རྒྱལ་སྲས་ཀྱི་སྤྱོད་པས་འགྲོ་བ་ཡོངས་ལ་མ་གཅིག་པུའི་བུ་ལྟར་བརྩེ་བའི་ཐུགས་རྗེའི་འཇུག་པ་མི་འདོར། གསང་བ་དམ་ཚིག་རྣམ་པར་དག་པས་རིམ་གཉིས་རྣལ་འབྱོར་གྱི་དབང་ཕྱུག་སྡེ་གསུམ་གློང་དགུའི་ཤིང་རྟ་ཆེན་པོར་གྲུབ་པའི་རྒྱལ་སར་གཤེགས་ནས། མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་ལེགས་པར་ཕྱུག་ཅིང་། བཤད་སྒྲུབ་ལས་གསུམ་གྱི་འཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པས། དཀར་ནག་རྒྱ་ཡི་ཡུལ་གྲུ་བརྒལ་བའི་འཛམ་གླིང་ཤར་མཐའི་ས་ཆ་ཚུན་ལ་མཚན་སྙན་གྱི་གྲགས་པས་ཁྱབ་པར་གྱུར་ཏོ། །དེ་ལྟ་ན་ཡང་འབྱོར་བའི་མཐའ་མར་རྒུད་པ་དང་། འདུས་པའི་མཐའ་མར་འབྲལ་བ་སོགས་གཅིག་ཏུ་བརྟན་པ་མིན་པའི་འདུས་བྱས་ཀྱི་ཆོས་ལ་གདུལ་བྱ་མཐའ་དག་སྐྱོ་བ་བསྐུལ་བའི་དགོངས་བཞེས་སྙིང་པོར་བཟུང་སྟེ། དགུང་ལོ་ཉེར་བཞི་བར་གོང་དུ་སྨོས་པའི་བསྟན་པ་སྤྱི་དང་བྱེ་བྲག་གི་སྔ་ཕྱིའི་དོན་ཆེན་ལ་དགོངས་པའི་བསྟན་དགོན་ཉམས་པ་སླར་གསོ་སོགས་ཀྱི་ཕྱག་བཞེས་གང་འཚམས་གྲུབ་འཕྲོས་ཀྱི། རླབས་ཆེན་མཛད་འཕྲིན་གྱི་མཐུན་རྐྱེན་དུ་སྤྲིན་ལྟར་ངང་གིས་འདུ་བའི་གང་ཉིད་ཀྱི་བླ་བྲང་གི་དཀོར་མཛོད་ཀྱི་ནོར་རྣམས་ཆ་བཞིར་བགོས་ཏེ། ཆ་གཅིག་རིགས་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་མདོ་སྔགས་ཀྱིས་འཛིན་སྲུང་སྤེལ་བར་བྱེད་པའི་བསྟི་གནས་གང་དུ་འཁོད་པའི་དགེ་འདུན་རྣམས་ལ་སྔ་ན་མེད་པའི་བཀུར་སྟིས་བསྙེན་བསྲིང་བའི་ཆ་རྐྱེན་དང་། རྒྱལ་བཀའ་རིན་པོ་ཆེ་དང་གཟུངས་སྔགས་ཁྱད་པར་ཅན་དག་ཉིན་ཞག་མངཔོར་ཐུན་སྦྲེལ་གྱིས་ཞལ་འདོད་དུ་བསྒྲགས་པའི་སྐུ་ཡོན་དུ་ཕུལ། ཆ་གཅིག་མར་མེ་འབུམ་ཕྲག་མང་པོ་གཙོ་བོར་བྱས་པའི་མཆོད་པའི་སྤྲིན་རབ་འབྱམས་སྤྲོས་པས་དཀོན་མཆོག་མཆོད་པ་དང་། གསོལ་འདེབས་བསམ་པ་ལྷུན་གྲུབ་དང་འབྲེལ་བའི་ཚོགས་ཀྱི་འཁོར་ལོ་འབུམ་ཕྲག་མང་པོ་དང་། ཉམས་ཆགས་བསྐང་ཞིང་སྡིག་སྒྲིབ་སྦྱོང་བའི་ཆོ་གའི་རིམ་པ་སོགས་རྒྱལ་ཁམས་བདེ་བའི་བསྟན་པ་སྤྱིའི་ཞབས་རིམ་སྒྲུབ་པའི་ཆེད་དུ་བཏང་། ཆ་གཅིག་ཆོས་སྡེ་ཆེན་པོ་དེ་ཉིད་ཀྱི་དགེ་འདུན་པར་སྐུ་འགྱེད་དང་། དབུལ་ཕོངས་དང་ནད་པ་མགོན་མེད་རྣམས་ལ་རྒུད་སྐྱོབ་ཏུ་བསྩལ་ནས་གཏོང་བ་ཆེན་པོའི་མཆོད་སྦྱིན་གྱི་སྒོ་འཕར་རྒྱ་ཆེན་པོ་དབྱེ་བར་མཛད། ཆ་གཅིག་བཤད་སྒྲུབ་ཀྱི་གྲྭ་ཚང་ཁག་དང་། སྒྲུབ་པའི་མཆོད་པ་ཁག་གི་གསོལ་ཕོགས་དང་མཆོད་རྫས་འཕར་མའི་རྟེན་རྩར་ཞལ་འདེབས་སུ་ཕུལ་ཞིང་། སླར་ཡང་སྐུ་རབས་དྲུག་རིང་གི་འཚོགས་འཛུགས་ཀྱི་རྟེན་རྩའི་ཟང་ཟིང་འབོར་ཆེན་དེ་དག་དགེ་འདུན་པ་ཡོངས་ལ་འོས་བསྟུན་གྱིས་ཕྱིར་བགོ་བཤའ་མཛད། སྔར་མཇལ་བར་དཀའ་བའི་རྟེན་གསུམ་དམ་བསྒྲགས་མ་ཀུན་ཀྱང་འདི་དུས་ཞལ་ཕྱེས་ཏེ་ཁྲོམ་དབང་དུ་བསྐུར། ཆོས་སྲིད་ཀྱི་བཀའ་འབངས་སུ་མཆིས་པའི་སེར་སྐྱ་མཆོག་དམན་ཕོ་མོ་རྒན་གཞོན་ཀུན་བསྡུས་ནས་ཚེ་འདི་དང་ཕྱི་མར་ཕན་པའི་ལུགས་གཉིས་ཀྱི་བསླབ་བྱ་དམ་ཆོས་ཀྱི་སྙིང་པོ་ཅན་དག་རྣ་བའི་བདུད་རྩིར་བསྩལ། གཞོན་པར་ཚེ་འགུག་དང་། རྒན་པར་འཕོ་བའི་གདམས་པ་འབོགས་ཏེ། ཀུན་ཀྱང་དཀྱིལ་འཁོར་གཅིག་ཏུ་ཚོགས་པའི་རྟེན་འབྱུང་གིས། ཕྱི་མར་ཚོམ་བུ་གཅིག་ཏུ་མཇལ་བའི་ཐུགས་སྨོན་མཛད། རྗེ་འདིའི་ཞལ་སློབ་གཙོ་བོ་ནི། རྫོགས་ཆེན་པདྨ་སྐལ་བཟང་། ཨ་སྐྱོང་རྟོགས་ལྡན་བློ་གྲོས་རྒྱ་མཚོ། མི་ཉག་རྒྱལ་དབང་ཉི་མ། གཡུ་ཁོག་མཁན་པོ་སངས་རྒྱས་སྨན་བླ་སོགས་བསྟན་འགྲོར་སྨན་པའི་སྐྱེས་ཆེན་དུ་མ་བྱོན། དེ་ལྟར་སྔོན་དང་ཕྱི་མའི་མཐའ་ལ་སོགས་པ་གཟིགས་པ་རྣམ་པར་དག་ཅིང་མ་འདྲེས་པའི་རྣམ་ཐར་གྱིས་ཐ་ན་ལྗགས་ཀྱི་འབྱིན་རྔུབ་ཙམ་ཡང་མཐའ་ཀླས་པའི་སེམས་ཅན་ཡོངས་ལ་ཕན་པའི་རྒྱུར་འགྱུར་བའི་བརྩེ་བ་སྙོམས་པའི་རྒྱལ་བའི་སྲས་ཀྱི་དགོངས་སྤྱོད་རྨད་དུ་བྱུང་བ་དག་ལ་སྔར་ནས་གོམས་པའི་མཛད་པ་ཉི་མ་དང་ཟེར་བཞིན་འགག་མེད་རང་ཆས་སུ་གསལ་བས། ལུགས་ཟུང་ལེགས་ལམ་དཀར་པོའི་འཕན་འཕུར་ལྷབ་ལྷུབ་གཡོ་ཞིང་། དད་དམ་འགྱུར་བ་མེད་པའི་གསེར་གྱི་ཡུ་བ་སྦོམ་པོར་ལྷ་དབང་ཀླུ་དང་བཅས་པའི་ཆེ་དགུ་དུ་མའི་གཙུགས་གྱིས་དམ་པོར་འཁྱུད་པའི་རྒྱལ་མཚན་གྱི་རྩེ་མོར་དམ་པའི་ཚུལ་དགུའི་ཡོན་ཏན་གྱི་འོད་སྟོང་མིག་མང་རིས་སུ་འཁྱིལ་བཞིན་འགྲོ་བའི་དགོས་དགུ་འབྱུང་བའི་ཡིད་བཞིན་དབང་གི་རྒྱལ་པོར་བཞུགས་པ་ལས། དགུང་ལོ་ཉེར་ལྔ་པར་སྐུ་དངོས་ཀྱིས་གདུལ་བར་བྱ་བའི་མཛད་པ་རྫོགས་ཏེ་ཕྱི་རོལ་འགལ་རྐྱེན་གྱི་རྣམ་པར་བརྟེན་ནས་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་ཏེ་ཞི་བར་གཟིམས་པའི་ཚུལ་བསྟན་པ་ལགས་སོ། །
དེ་ཡང་དམིགས་མཐའ་བྲལ་བའི་ཐུགས་རྗེའི་འཇུག་པས་བསྟན་འགྲོའི་དོན་ཆེན་གྱི་འཕྲིན་ལས་ཐམས་ཅད་རྟག་ཁྱབ་ལྷུན་གྲུབ་ཏུ་ངང་གིས་འབྱུང་བ་ནི་སྤྱིར་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ལྟར་ལ། བྱེ་བྲག་འདྲེན་མཆོག་འདི་ཉིད་ཀྱིས་དགོངས་པ་ཁྱད་པར་ཅན་ལ་ཐུགས་གཏད་པས་སྐུ་དངོས་ཀྱི་མཛད་པ་ལས་ཀྱང་ལྷག་པར་མཐའ་ཀླས་པའིསེམས་ཅན་གྱི་དོན་མཛད་པ་དང་ཞིང་ཁམས་འདིར་ཡང་རྫོགས་ལྡན་གསར་བའི་ལང་ཚོའི་བཞིན་རས་མཛེས་པར་མངོན་ཞིང་ཟབ་མོ་ཆོས་ཀྱི་བདུད་རྩིས་སྲིད་དང་ཞི་བའི་དཔལ་ཡོན་མཐའ་དག་སྨིན་ཅིང་གྲོལ་བར་མཛད་པ་སོགས་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་གཟིགས་པ་གཞན་དང་གཞན་གྱི་མཐའ་ནི་ཚུལ་རོལ་མཐོང་བའི་བློས་དཔོག་དཀའ་བ་ཙམ་དུ་ངེས་སོ། །དེ་ལྟར་སྔོན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་ནམ་མཁས་ཁྱབ་པའི་ཡིད་ཅན་གྱི་འགྲོ་བ་མཐའ་དག་སྐད་ཅིག་ཙམ་ཡང་ཐུགས་བློས་མ་དོར་ཞིང་ཐུགས་རྗེའི་འཇུག་པ་ཚད་བཟུང་རིས་སུ་གཞལ་བར་མི་ནུས་པ་ལྟར། འདིར་དགོས་དབང་ཁྱད་པར་ཅན་ལ་གཟིགས་ནས་སྐུ་མྱ་ངན་ལས་འདའ་བའི་ཚུལ་ནི། རབ་བྱུང་བཅུ་དྲུག་པའི་ནང་ཚན་རབ་རྒྱན་ས་ཕག་ལོའི་ཧོར་ཟླ་དང་པོའི་ཚེས་གཅིག་གི་སྲོད། སྤྱི་ལོ་ ༡༩༥༩ ལ་སྙུན་གྱིས་ཆ་ཙམ་ཡང་མ་གོས་པར་སྐུ་ལུས་རྣམས་སྣང་ཆོས་བདུན་གྱིས་མདའ་ལྟར་བསྲངས་ཏེ་སྤྱན་ཆོས་སྐུའི་གཟིགས་སྟངས་ཀྱིས་དར་གཅིག་མཉམ་པར་བཞག་ནས་ཟབ་ལམ་འཕོ་བའི་གདམས་པ་རབ་ཆོས་སྐུའི་འཕོ་བས་ཆོས་ཉིད་གདོད་མའི་གནང་དབྱིངས་སུ་གཤེགས་སོ། དེའི་ཚེས་ས་ཆེན་པོ་གཡོ་ཞིང་འགུལ་བ་དང་། ནམ་མཁའ་གཡའ་དག་ཅིང་དྲི་ཞིམ་གྱི་ངད་བྱུང་བས་ཁོར་ཡུག་ཀུན་ལ་ཁྱབ་པར་གྱུར་པ་དང་། གདུང་སྦྱང་བའི་ཚེ་ནམ་མཁར་འཇའ་འོད་ཀྱི་གུར་ཕུབ། ས་གཞིར་རིང་བསྲེལ་གྱི་གཅལ་བཀྲམ་པ་སོགས་ངོ་མཚར་བའི་མཛད་པ་ཐ་མས་མཐོང་ཞིང་ཐོས་པའི་འབྲེལ་ཚད་ཀྱི་འགྲོ་བ་མཐའ་དག་ཡ་མཚན་གྱི་གནས་ལ་བཀོད་པ་ཡིན་ནོ། དེའི་སྐབས་སུ་སྙིགས་དུས་ཀྱི་རྒུད་མུན་སྟོབས་སུ་བདོ་བའི་དབང་གིས་རྒྱལ་བསྟན་སྤྱི་དང་། ཁྱད་པར་གྲུབ་དབང་རྫོགས་ཆེན་པ་སྐུ་རབས་དྲུག་རིང་གི་རྟེན་བརྟེན་པ་བཞེངས་བསྐྲུན་ཡང་གོད་ཆག་ཚབ་ཆེན་ཐེབས་ཀྱང་། འཕགས་མཆོག་ཕྱག་ན་པདྨོའི་རང་གཟུགས། ཡོངས་རྫོགས་བསྟན་པའི་མཛེས་རྒྱན། བསིལ་ལྡན་འགྲོ་བའི་རེ་ལྟོས། ༸གོང་ས་ལྷ་མིའི་རྣམ་འདྲེན་ཆེན་མོ་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་གི་རླབས་ཆེན་ཐུགས་བསྐྱེད་དུས་སུ་སྨིན་པའི་སྟོབས་ལས། སླར་ཡང་བསྟན་པ་ཡང་དར་གྱི་དབུ་རྒྱ་གར་འཕགས་པའི་ཡུལ་ནས་བརྙེས་པ་དང་ཆབ་ཅིག །རྫོགས་ཆེན་སྐུ་ཕྲེང་བདུན་པ་རུ་དམ་རྫོགས་ཆེན་དུ་ཆིབས་བསྒྱུར་བས་རྟེན་འབྲེལ་ལེགས་ཚོགས་གསར་པའི་སྒོ་འཕར་ཕྱེས་པ་ནས་བཟུང་། གཙོ་བོ་མཆོག་སྤྲུལ་སྐལ་བཟང་མཆོག་གི་ཐུགས་བསྐྱེད་དང་སློབ་སྟོན་ལ་བརྟེན་ནས། མཁས་བརྒྱ་གྲུབ་སྟོང་གི་བསྟི་གནས་ཤྲཱི་སེང་ཆོས་གྲྭ་ཆེན་མོ་གསར་འཛུགས་རྒྱ་བསྐྱེད་དང་འབྲེལ། རྫ་དཔལ་སྤྲུལ། གཞན་དགའ་རིན་པོ་ཆེ། སེང་ཕྲུག་པདྨ་བཀྲ་ཤིས་སོགས་ཀྱི་ཡང་སྲིད་མཁས་བརྒྱའི་གཙུག་རྒྱན་གྱི་སྨྲ་བའི་སེང་ཆེན་དུ་མ་གསེར་ཁྲིར་བཀོད་ཐོག །ཕྱོགས་སོ་སོ་ནས་མ་བསྡུས་རང་ཤུགས་ཀྱིས་འཁོད་པའི་དམར་སེར་མཚམས་སྤྲིན་གྱི་མདངས་ལ་འཁུ་བའི་དགེ་འདུན་འདུས་པའི་སྡེ་ཆེན་པོས་མདོ་སྔགས་རིག་གཞུང་དང་བཅས་པ་གསན་བསམ་ཉམས་བཞེས་ཀྱི་སྒོ་ནས་མཁས་པའི་ཁྲི་ལ་འཛེགས་པ་ཡང་བགྲང་གིས་མི་ལང་བ་དང་། དེ་དག་གིས་ཀྱང་ཡང་སློབ་དང་ཉིང་སློབ་དུ་མ་བསྐྱངས་པས་ཕྱོགས་ཀྱི་དགོན་ལག་དག་ཏུ་བཤད་སྒྲུབ་ཀྱི་སྡེ་བཙུགས་སྤེལ་བྱས་པ་དེ་བས་ཀྱང་བགྲང་མི་ནུས། སྒྲུབ་རི་མེ་ཏོག་བརྩེགས་པའི་མགུལ་བར་ཆོས་གྲྭའི་ཟུར་གཏོགས་ཀྱི་སྒྲུབ་གྲྭ་གསང་ཆེན་ངེས་དོན་སྨིན་གྲོལ་གླིང་དུ་སྤོང་བ་བསམ་གཏན་པའི་སྡེ་བཙུགས་པ་དང་། ཐུབ་བསྟན་ཡོངས་འདུས་དགའ་ཚལ་གྱི་གནྡྷོ་ལ་ཆེན་མོ། པོ་བྲང་ཁམས་གསུམ་གཟིལ་གནོན། ལྷ་སར་ཆེན་མོ། གངས་རྒྱན་གསེར་གྱི་པདྨའི་ལྷ་ཁང་ཆེན་མོ། གུ་རུ་སྟོང་སྐུ་ལྷ་ཁང་། མཁའ་ལྡིང་སྒྲོལ་མ་གཡུའི་ལྷ་ཁང་། བྱམས་ཆེན་ལྷ་ཁང་། སྤར་ཁང་མདོ་སྔགས་ཆོས་གཏེར་སོགས་གསར་བཞེངས་དང་བསྟུན། རྫོགས་ཆེན་པ་རང་སྐང་གི་ཕྱག་བཞེས་རྒྱུད་སྡེའི་དགོངས་པ་འཆུག་མེད་ལ། གཞན་ཟེར་གྱི་བསླད་མ་ཞུགས་པ་སྟེ། ལོ་ལྟར་བུམ་སྒྲུབ་ཆེན་མོ། བཀའ་བརྒྱད་ཁྲོ་རོལ། ཕུར་ཆེན། བཀའ་གཏེར་མཆོད་ཁག་སོགས་སྒྲུབ་ཕྲིན་དབྱངས་རོལ། གར་སྟབས་ཕྱག་རྒྱའི་རྣམ་པ་བཅས་ལས་ཆོག་སོ་སོའི་གཞུང་བསྲང་བ་སོགས་ཕྱི་མའི་དུས་ཀྱི་བསྟན་སྲོག་མཐུད་པའི་གསོས་སྨན་ནམ། ངེས་གསང་བསྟན་པའི་ལྕགས་རི་ཆེན་པོ་སྔར་ལས་ལྷག་པར་བསྐྲུན་དང་སྐྲུན་བཞིན་པའི་སྒོ་ནས་གྲུབ་དབང་རྫོགས་ཆེན་པའི་མཚན་སྙན་གྱི་བ་དན་ཆེན་པོས་ནོར་འཛིན་ཡངས་པའི་དགའ་ཚལ་ཀུན་ནས་མཛེས་པར་བྱས་སོ། ། །།

Menu