རྫོགས་ཆེན།

རྫོགས་ཆེན་སྐུ་ཕྲེང་བདུན་པ་ཐུབ་བསྟན་འཇིགས་མེད་བློ་གསལ་དབང་པོ།

བཀླགས་གྲངས། 585

དེ་ཡང་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་རྣམ་སྤྲུལ་༸གྲུབ་དབང་རྫོགས་སྤྲུལ་བདུན་པ་མཆོག་ནི་དཔལ་རི་གཉིས་པ་སྦས་ཡུལ་འབྲས་མོ་ལྗོངས་སུ་སྤྱི་ལོ་༡༩༦༤་ལོར་ཁྱིམ་བདག་ལྭ་དཀར་ཚང་དུ་སྐུ་འཁྲུངས། འཁྲུངས་མ་ཐག་༸སྐྱབས་རྗེ་རྡོ་གྲུབ་ཆེན་མཆོག་ཆེད་ཕེབས་གནང་ནས་ཐུབ་བསྟན་འཇིགས་མེད་བློ་གསལ་དབང་པོ་ཞེས་མཚན་གསོལ་དང་སྐུ་ཁྲུས་མཛད།

དེ་རྗེས་མཁན་ཆེན་ཟླ་ཟེར། ར་ཧོར་མཁན་ཆེན། མི་ཉག་རྒྱལ་དབང་ཉི་མ། རྨེ་བ་མཁན་ཆེན། མཁན་ཆེན་བརྩོན་འགྲུས། བླ་མ་རང་བྱུང་སོགས་ཀྱིས་རྡོ་གྲུབ་ཆེན་མཆོག་ལ་རྫོགས་སྤྲུལ་དྲུག་པའི་ཡང་སྲིད་སྐོར་ཞུས་སྐབས་སྔར་ཡུམ་གྱི་མངལ་དུ་ཞུགས་སྐབས་ནས་གུ་རུ་རིན་པོ་ཆེ་དང་། ༸གྲུབ་དབང་རྫོགས་སྤྲུལ་བཞི་པ་ཟུང་གིས་ཉམས་དང་རྨི་ལམ་ལ་ཡང་ཡང་ཞལ་གཟིགས་གནང་སྟེ་རྫོགས་སྤྲུལ་བདུན་པ་ལྭ་དཀར་ཚང་ལ་འཁྲུངས་ངེས་ཀྱི་ཐུགས་ཐག་ཆོད་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ངོས་བཟུང་བ་ལྟར་དེ་དུས་དུས་བབ་ཀྱིས་ངོས་འཛིན་གྱི་ལུང་བྱང་ཞལ་གསལ་དང་། བརྟན་བཞུགས་གསོལ་འདེབས་ཡང་འབུལ་གནང་མཛད། དེ་བཞིན་བདུད་འཇོམ་རིན་པོ་ཆེ་དང་། དིལ་འགོ་མཁྱེན་བརྩེ་རིན་པོ་ཆེ། གྲུབ་དབང་པདྨ་ནོར་བུ། འཁྲུལ་ཞིག་རིན་པོ་ཆེ། ཀརྨ་པ་༡༦་པ་སོགས་ནས་དེ་བཞིན་ངོས་འཛིན་ལུང་བྱང་དང་ཞབས་བརྟན་གསོལ་འདེབས་བཅས་ཕུལ། དགུང་ལོ་དྲུག་ནས་ར་ཧོར་མཁན་ཆེན་ཐུབ་བསྟན་དང་། མཁན་ཆེན་ཟླ་ཟེར་སོགས་ལས་ཡི་གེ་འབྲི་ཀློག ཆོ་ག་ཕྱག་ལེན་སོགས་སྦྱངས་བས་ཚེགས་མེད་དུ་མཁྱེན། སྤྱི་ལོ ༡༩༧༢ ལོར་འབྲས་ལྗོངས་ཆོས་རྒྱལ་རིམ་བྱོན་གྱི་ཕོ་བྲང་དུ་༸སྐྱབས་རྗེ་རྡོ་གྲུབ་ཆེན་དབུས་འབྲེལ་ཡོད་ཡོངས་ནས་གསེར་ཁྲིར་མངའ་གསོལ། སྐབས་དེར་བདུད་འཇོམས་རིན་པོ་ཆེས་དབུ་ཞྭ་པདྨ་མཐོང་གྲོལ་དང་རྟེན་གསུམ་ཤིས་ཚིག་བཅས་བསྐུར་གནང་གིས་གསང་ཆེན་བསྟན་པ་རྒྱ་མཚོའི་མངའ་བདག་ཏུ་དབང་བསྐུར། འབྲས་ལྗོངས་བཤད་གྲྭར་ཞུགས་ནས་མཁན་ཆེན་བརྩོན་འགྲུས་མདུན། སུམ་རྟགས་དག་གསུམ། སྒྲ་སྙན་ངག་སོགས་ཐུན་མོང་དང་། སྤྱོད་འཇུག་ནས་བཟུང་རང་ལུགས་ཀྱི་རྩ་གཞུང་ཁག་ལ་གསན་བཞེས་གནང་། རྡོ་གྲུབ་རིན་པོ་ཆེའི་སྐུ་མདུན་ནས་སྔ་འགྱུར་བཀའ་མའི་ཆོས་སྐོར་པོད་ཆེན་ཉེར་ལྔའི་དབང་ལུང་དང་། སྙིང་ཐིག་རྩ་པོད། འཇའ་ཚོན་ཆོས་སྐོར། ཡ་བཞི་སོགས་གསན་བསམ་གནང་། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་མདུན་རིན་ཆེན་གཏེར་མཛོད་ཆེན་མོ། སྔ་འགྱུར་བཀའ་མའི་དབང་ལུང་ཞུས། བདུད་འཇོམས་རིན་པོ་ཆེའི་མདུན་པད་གླིང་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་། བདུད་འཇོམས་གོང་འོག་གི་གཏེར་གསར་སྐོར་དང་། མཁྱེན་བརྩེ་རིན་པོ་ཆེའི་མདུན་མཆོག་གླིང་ཆོས་སྐོར་དང་། རྫོགས་ཆེན་སྡེ་གསུམ་གྱི་ཟབ་ཁྲིད་སོགས་ཟབ་ཆོས་མང་པོ་ཞུས། དེ་བཞིན་༸གོང་ས་མཆོག་གིས་༸རྫོགས་སྤྲུལ་དྲུག་པའི་ཡང་སྲིད་དངོས་ཡིན་པའི་ཉམས་སྣང་བྱུང་ཚུལ་སོགས་གཟེངས་བསྟོད་གནང་ཞིང་གཙུད་ཕུད་བཞེས་པའི་མཚན་དུ་བསྟན་འཛིན་འཇིགས་བྲལ་ལྷུན་པོ་གསོལ། ལུང་བྱང་དང་ཞབས་བརྟན་གསོལ་འདེབས་ཀྱང་ལྗགས་རྩོམ་གནང་ནས་སྔ་འགྱུར་བསྟན་པའི་བདག་པོར་གཟེངས་བསྟོད། དེ་ནས་༸གོང་ས་མཆོག་གི་བཀའ་དགོངས་ལྟར་རིགས་ལམ་སློབ་གཉེར་ཁང་དུ་དགེ་བཤེས་བློ་བཟང་རྒྱ་མཚོ་སོགས་ལས་རིག་ལམ་ཆེ་འབྲིང་ཆུང་གསུམ། དབུ་ཕར་སོགས་ལ་གསན་བསམ་རྒྱ་ཆེར་གནང་། རྨེ་བ་མཁན་ཆེན་ཐུབ་བསྟན་མདུན་ཀུན་བཟང་བླ་མའི་ཞལ་ལུང་དང་། ངལ་གསོ་སྐོར་གསུམ། ཀློང་ཆེན་མཛོད་བདུན། རྒྱུད་གསང་སྙིང་། དཔལ་སྤྲུལ་བཀའ་འབུམ། སྙིང་ཐིག་ཡ་བཞི་སོགས་གསན། འཁྲུལ་ཞིག་རིན་པོ་ཆེའི་མདུན་འཇའ་ཚོན་ཆོས་སྐོར་ཡོངས་རྫོགས། ༸གོང་ས་མཆོག་ལས་དུས་འཁོར་དབང་ཆེན། དག་སྣང་གསང་བ་རྒྱ་ཅན། སེམས་ཉིད་ངལ་གསོ་སོགས་གསན། རྨེ་བ་མཁན་ཐུབ་བསྟན་ལས་གསང་འགྲེལ་ཕྱོགས་བཅུའི་མུན་སེལ། ཡེ་ཤེས་བླ་མ། ཁྲེགས་ཆོད་ཐོད་རྒལ་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན། མཁན་ཆེན་པདྨ་ཚེ་དབང་མདུན། གསང་སྙིང་སྐོར་དང་། ཕར་ཕྱིན། ཁྲིད་ཡིག་ཡེ་ཤེས་བླ་མ། བར་དོ་དྲུག་ཁྲིད། ཞི་ཁྲོའི་ཆོས་སྐོར། ལྟ་གྲུབ་ཤན་འབྱེད་སོགས་གདམས་ཁྲིད་དུ་མ་མནོས། ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་ལས་རབ་གླིང་ལ་ཕེབས་སྐབས་ཕུར་བའི་དབང་དང་། ཚེ་དབང་། གཞན་ཟབ་གསང་གདམས་ངག་མང་པོ་ཞུས། མཁན་ཆེན་ཟླ་ཟེར། མཁན་ཆེན་ར་ཧོར་ཐུབ་བསྟན། མཁན་ཆེན་བརྩོན་འགྲུས་སོགས་ལས་ཀྱང་དབང་ལུཊ་གདམས་ངག་མང་པོ་བུམ་པ་གང་བྱོའི་ཚུལ་དུ་ནོད། སྤྱི་ལོ ༡༩༨༢ ལོར་རྫོགས་ཆེན་སྤྲུལ་སྐུ་པདྨ་སྐལ་བཟང་ལགས་ཆེད་དུ་གདན་ཞུས་ལ་ཕེབས་འབྱོར་བཞིན། བོད་དུ་ཕེབས་ནས་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གོང་མའི་གསེར་ཁྲི་ལ་ཞབས་པད་བཀོད། དགོན་པས་༸གྲུབ་དབང་དང་པོ་པདྨ་རིག་འཛིན་གྱིས་ཐམ་ཀ་སོགས་རྟེན་གསུམ་གལ་ཆེན་དང་། དགོན་པའི་བསྟན་སྲིད་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ། དེར་འདུས་ཡོངས་ལ་ཚེ་དབང་ཚེ་འགུག་སོགས་གསུངས་ནས་ཀུན་གྱིས་བླ་མར་གྱུར། སྐབས་དེར་ཕྱག་ཏུ་སོན་པའི་རྟ་ནོར་སོགས་དངོས་པོ་ཆེ་ཕྲ་ཐམས་ཅད་དབུལ་སྐྱོབས་ཁང་གསར་འཛུགས་ཀྱི་ཐེབས་རྩར་ཕུལ། གཞན་གཡག་ཟེ་དགོན་དང་། དགེ་མང་། འབའ་ཕུག་དགོན་སོགས་དགོན་ཁག་འགའ་རེའི་ནང་ཞབས་པད་བསྐྱོད་དེ་ཞལ་འདེབས་བཅས་ཕུལ། དེ་རྗེས་༸གོང་ས་མཆོག་གིས་བཀའ་དགོངས་ལྟར་འཕགས་ཡུལ་ལྷོ་ཕྱོགས་སུ་རྫོགས་ཆེན་དགོན་པ། སྤྱི་ལོ ༡༩༨༨ ལོ་ནས་དབུ་འཛུགས་ཀྱི་སྤྱི་ལོ་༡༩༩༢ ལོར་ལེགས་པར་བཞེངས་གྲུབ་ཅིང་། ༸གོང་ས་མཆོག་གིས་སྒོ་འབྱེད་རབ་གནས་ཀྱི་མཛད་སྒོ་བསྐྱངས་ཤིང་། གསང་བ་དག་སྣང་རྒྱ་ཅན་ཉེར་ལྔའི་དབང་ཁྲིད་སོགས་དགྱེས་བསྩལ་ཐོག་དག་སྣང་རྒྱ་ཅན་གྱི་ཆོས་བདག་ཏུ་མངའ་གསོལ། སླར་ཡང་བཤད་གྲྭར་མདོ་སྔགས་རིག་གཞུང་གི་འཆད་ཉན། སྒྲུབ་གྲྭར་སྔོན་འགྲོ་འབུམ་གྲངས་དང་། ལོ་གསུམ་ཟླ་གསུམ་གྱི་བཅད་རྒྱ། གྲྭ་ཚང་དུ་མཐོང་བརྒྱུད་ཀྱི་ཆོ་ག་ཕྱག་ལེན་དང་། གར་ཐིག་དབྱངས་གསུམ། བཅའ་རྡུང་འབུད་གསུམ་སོགས་ཀྱི་གཞི་རྐང་སྲ་བརྟན་བཙུགས། ཀོ་ལི་སྒལ་བོད་མིའི་གཞིས་ཆགས་སུ་མི་དམངས་ཚོགས་ཁང་ཆེན་མོ་གསར་བསྐྲུན། གྲོང་སྡེ་སོ་སོར་སྤྱི་ཁང་གསར་འཛུགས་དང་ཉམས་གསོ། གློག་གི་མཐུན་རྐྱེན་དང་། ཟམ་པ་དང་འགྲོ་ལམ་བཅས་ཉམས་གསོ། དེ་བཞིན་དུ་སྤྱི་ལོ་ ༢༠༠༠ ལོར་གཞིས་ཆགས་རྒན་རྒོན་རྣམས་ཀྱི་ཆེད་རྒས་གསོ་ཁང་གསར་དུ་བརྒྱབ། གཞིས་ཆགས་རང་གི་སློབ་གྲྭ་དང་། འཕྲོད་བསྟེན་སྨན་ཁང་། བུ་གསོ་ཁང་བཅས་ཀྱི་ཕྱི་ནང་གི་ཉམས་གསོ་མཛད། གཞན་འབྱོར་མེད་ཉམ་ཐག་གི་རིགས་དང་། དབང་པོ་སྐྱོན་ཅན་གྱི་རིགས། ཆེས་མཐོའི་སློབ་ཕྲུག་སློབ་ཡོན་གྱི་དཀའ་ངལ་ཅན་བརྒྱ་ཕྲག་ལྷག་ལ་དཔལ་འབྱོར་གྱིས་རོགས་རམ་ཚད་མེད་མཛད། ལོ་ལྟར་ཆེད་མཁས་སྨན་པ་གདན་ཞུས་གནང་ནས་མང་ཚོགས་ལ་སྨན་བཅོས་ཀྱི་བཀའ་དྲིན་བསྩལ། དེ་བཞིན་རིག་གཞུང་རྩོམ་སྒྲིག་ཁང་དང་། མི་དམངས་དཔེ་མཛོད་ཁང་། སྒྲུབ་མཆོད་གར་འཆམ། གདངས་དབྱངས་རོལ་མོ་སོགས་མཐོང་བརྒྱུད་ཀྱི་ཕྱག་བཞེས་ལྟར་ཆེད་སྦྱོང་ཁང་སོགས་བཙུགས། དེང་འཛམ་གླིང་ཤར་ནུབ་གང་སའི་སྣོད་ལྡན་སློབ་མ་རྣམས་ལ་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་ལས་འཕྲོས་པའི་གངམས་ངག་བརྩལ་ཏེ་བསྟན་དོན་སྤེལ་བཞིན་པ་དང་། ཕྱིས་སུ་ཕྱི་ནང་གི་འགལ་རྐྱེན་ཉུང་ཞིང་སྟབས་གང་བདེར་གོང་མའི་གདན་ས་རྫོགས་ཆེན་རུ་དམ་དགོན་གཙོས་དགོན་ལག་སུམ་བརྒྱ་ལྷག་ལ་ཆེད་ཕེབས་གནང་ནས་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་། སྒོས་སྔ་འགྱུར་རྙིང་མ། བྱེ་བྲག་ཏུ་སྔ་འགྱུར་༸གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་བཤད་སྒྲུབ་ལས་གསུམ་དར་རྒྱས། གཞིས་བྱེས་ཆོས་བརྒྱུད་དང་བཅས་པ་གཞི་རྐང་ཡར་རྒྱས་ཆེད་མཉམ་ལས་གཅིག་སྒྲིལ་སྲ་བརྟན་གྱི་མཚན་སྙན་འཛམ་གླིང་གོ་ལ་ཟླུམ་པོའི་ཁྱོན་ལ་མ་ཁྱབ་པ་མེད་ངེས་ཤིག་མཛད་རྒྱུའི་ཐུགས་འཆར་དང་བཅས་སྐུ་འཚོ་ཞིང་གཞེས་པ་ལགས་སོ།། །།
སྤྱི་ལོ ༢༠༡༦ ཟླ ༡༢་ཚེས་ ༠༣ ཉིན།
ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན་ནས་ཕྱོགས་བསྒྲིགས་བྱས།

Menu