རྫོགས་ཆེན་མཁན་པོ་རྨེ་བ་ཐུབ་བསྟན་འོད་ཟེར།

བཀླགས་གྲངས། 265

རྫོགས་ཆེན་མཁན་པོ་རྨེ་བ་ཐུབ་བསྟན་འོད་ཟེར་ནི་བོད་རབ་བྱུང་༡༦་པའི་ས་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ ༡༩༢༨ ལོར་ཡབ་ཆེན་ཚེ་རིང་དབང་ཕྱུག་དང་ཡུམ་མཁར་བཟའ་ལྷ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་གྲངས་ཆུང་དུས་ནས་ཁུ་བོ་མཁན་ཆེན་ཚེ་དབང་རིག་འཛིན་དང་སྐུ་ཞང་བསོད་ནམས་ཉི་མ་གཉིས་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་དབུ་འཛུགས་གནང་། དགུང་གྲངས་དགུ་ནས་རང་དགོན་དར་རྒྱས་བྱམས་ཆེན་གླིང་དུ་ཚོགས་གཞུགས་གནང་བ་བཞིན་གར་ཐིག་དབྱངས་རོལ་སོགས་ལ་མཁས་པར་སྦྱངས། དགུང་ལོ་བཅུ་གསུམ་ནས་མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེ་དང་།

མཁན་ཆེན་པདྨ་ཚེ་དབང་རིག་འཛིན་རྣམ་གཉིས་ཀྱི་ཕྱག་བཏབ་མཛད་པའི་བཤད་གྲྭ་མཁྱེན་བརྩེ་ཀུན་འདུས་མཁས་མང་གླིང་དུ་ཞུགས་ནས་མཁན་རབས་དང་པོ་ཡེ་ཤེས་དར་རྒྱས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་ཐུབ་བསྟན་འོད་ཟེར་གསོལ།

དམ་པ་དེ་ཉིད་དང་། མཁན་པོ་ནོར་གཡང་། མཁན་ཆེན་ཐུབ་བསྟན་སྙན་གྲགས། མཁན་ཆེན་ལྷ་རྒྱལ་རིན་པོ་ཆེ། ཐུབ་དགའ་ཡིད་བཞིན་ནོར་བུ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་སོགས་ཀྱི་དྲུང་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱང་བ་གནད་སྨིན་དང་ཁྱད་པར་བོད་སྤྲུལ་རིན་པོ་ཆེས་ཐུགས་ཟིན་གྱི་བུ་སློབ་ཆེན་མོར་གྱུར། དུས་འགྱུར་སྐབས་སུ་ཆོས་རྗེ་བོད་སྤྲུལ་རིན་པོ་ཆེ་དང་། མཁན་ཐུབ་ཆོས། མཁན་ཟླ་ཟེར། ར་ཧོར་མཁན་ཐུབ་བསྟན་སོགས་དཔོན་སློབ་མཉམ་དུ་དབུས་སུ་ཕེབས་ནས་གནས་མཇལ་འཐུས་གཙང་བྱས་རྗེས་ལྷོ་མོན་དང་འབྲུག་བརྒྱུད་ནས་རྒྱ་གར་ལ་ཞབས་སོར་བདེ་བར་བཀོད། འཕགས་ཡུལ་དུ་ཕེབས་རྗེས་༸གོང་ས་མཆོག་དང་། ཁུ་ནུ་བླ་མ་བསྟན་འཛིན་རྒྱ་མཚོ། བདུད་འཇོམ་རིན་པོ་ཆེ། དིལ་མགོ་མཁྱེན་བརྩེ། སྤོ་ལུ་མཁན་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་དུ་མ་ལས་སྔ་འགྱུར་བཀའ་གཏེར་གྱི་སྨིན་གྲོལ་རྒྱ་ཆེར་གསན་པར་མཛད་ཅིང་། སྨད་འདུལ་སྡོམ་རྒྱུན་འཛིན་པའི་འདུལ་འཛིན་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་དབུས་བཅུ་ཚོགས་ལས་བསྙེན་པར་རྫོགས་ནས་གནང་བཀག་འདུལ་གཞུང་ལྟར་བདག་གིར་བཞེས་ནས་སྡོམ་རྒྱུན་སྤེལ་བ་གྲངས་མང་། དེ་བཞིན་རྒྱ་གར་ལྷོ་ཕྱོགས་རྫོགས་ཆེན་དགོན་དང་། ཨོ་རྒྱན་སྨིན་གྲོལ་གླིང་། རྡོ་རྗེ་གདན། བལ་ཡུལ་སོགས་སྔ་འགྱུར་རྙིང་མའི་མདོ་སྔགས་རིག་གཞུང་འཆད་ཁྲིད་སྤེལ། ཁྱད་པར་རྫོགས་ཆེན་རིན་པོ་དངོས་འཛིན་རྩད་འཚོལ་སོགས་དང་ཁྱད་པར་རྫོགས་ཆེན་དགོན་དུ་ཕེབས་ནས་མཁན་རབས་དང་པོའི་ཐུགས་འགན་ཁུར་ནས་བཤད་གྲྭ་ཤྲཱི་སེང་ཧ་དབུ་འབྱེད་དང་བཤད་རྒྱུན་སྤེལ། ལོ་མང་རྫོགས་ཆེན་རིན་པོ་ཆེར་དབང་ལུང་མན་ངག་མང་པོའི་ཡོངས་འཛིན་གྱི་ཐུགས་ཁུར་རྒྱ་ཆེར་གནང་། གཞན་གར་ཞཱ། ཁུ་ནུ། ལ་དྭགས་སོགས་སུ་བསྟན་དོན་རྒྱ་ཆེར་སྤེལ། སྐུ་ཚེའི་སྨད་དུ་གནས་ཡུལ་ཉེར་བཞིའི་ཡ་གྱལ་རྒྱ་གར་ནུབ་ཕྱོགས་ཀུལླུའི་ཡུལ་དུ་སྤང་སྒང་རི་ཁྲོད་ཞེས་པའི་སྒྲུབ་སྡེ་གསར་འཛུགས་གནང་ནས་གསང་ཆེན་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར། དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ཕྱོགས་མེད་དུ་བརྡལ་ཏེ་དགུང་གྲངས་དོན་གསུམ་བཞེས་པ་རབ་བྱུང་བཅུ་བདུན་པའི་ཆུ་རྟ་ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་དོ།
སློབ་བུ། གསུང་རྩོམ་ཡོང་ཁུངས།
ཤྲཱི་སེང་ལས་ཐོག་མཁན་པོ་ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན།

 

Menu