རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ།

བཀླགས་གྲངས། 605

རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་ལགས་ནི བོད་རབ་བྱུང་བཅུ་དྲུག་པའི་ས་སྤྲེལ(༡༩༦༨)ལ་མདོ་སྨད་རྨེ་ཡུལ་གསེར་དེའུ་ཞེས་པའི་ས་ཆར་འཁྲུངས།

དགུང་ལོ་བརྒྱད་ཀྱི་དུས་ནས་བཟུང་རིམ་བཞིན་ཡི་གེ་འབྲི་  ཀློག་དང་ལྷ་རིས་སྒྱུ་རྩལ་སོགས་དང་།  རིས་མེད་བཤེས་གཉེན་དུ་མའི་མདུན་ནས་ཆོ་ག་ཕྱག་ལེན་དང་། དབང་ཁྲིད་མན་ངག་ཅི་རིགས་པ་ནོད་ཅིང་། དགུང་ལོ་བཅུ་དགུ་བཞེས་པ(༡༩༨༧) ལོར་འཛམ་གླིང་མཁས་གྲུབ་ཡོངས་ཀྱི་རིགས་བདག༧ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་རིན་པོ་ཐུན་མིན་རྩ་བའི་བླ་མར་བརྟེན་ཏེ།    མདོ་སྔགས་རིག་གནས་དང་བཅས་པ་གསན་སྦྱང་མཐར་ཕྱིན་པ་དང་།  ལྷག་པར་དུ་ཐུན་མིན་རྫོགས་ཆེན་ཨ་ཏི་ཡོ་གའི་མན་ངག་གི་ཟབ་བཅུད་དམར་ཁྲིད་སྒོས་ཆོས་སུ་བཞེས་ཏེ་ཐུགས་སྲས་བུ་ཆེན་ཡོངས་ཀྱི་གཙོ་མཆོག་ཏུ་གྱུར་ནས་སློབ་སྦྱོང་མཐར་ཕྱིན་གནང་།  སློབ་ཞོར་དུ་སྦྲང་ཆར་སོགས་གཞུང་སྒེར་མཐོ་རིམ་དུས་དེབ་མང་པོར་ལྗགས་རྩོམ་བཀོད་དེ།  རྒྱ་ཆེའི་ཀློག་མཁན་གྱིས་དགའ་བསུ་རྒྱ་ཆེན་ཐོབ་ཅིང་གངས་ལྗོངས་སྙན་ངག་སྨྲ་བ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར    རབ་གནས་ལྕགས་རྟ་ལོར་གངས་ལྗོངས་ཀྱི་ན་ལེནྡྲ་ཆེན་པོ་དཔལ་བླ་རུང་ལྔ་རིགས་ནང་བསྟན་སློབ་གྲྭ་ཆེན་མོ་ནས་སྡེ་སྣོད་འཛིན་པ་ཆེན་པོའི་མཚན་རྟགས་བཞེས། དེ་ནས་བཟུང་སློབ་གླིང་ཆེན་མོའི་གླིང་གཙོ་གཞོན་པའི་ཐུགས་འགན་དང་།    འཆད་རྩོད་རྩོམ་གསུམ་ཐོས་བསམ་སྒོམ་གསུམ་གྱི་མཛད་འཕྲིན་ཟླ་མེད་པ་བསྐྱངས་པར་མ་ཟད། སྤྱི་ཚོགས་ཁྲོད་ཀྱི་དབང་བོ་སྐྱོན་ཅན་དང་།  ནད་པ་ཉམ་ཐག  རྒན་བྱིས་བདག་མེད་སོགས་ལ་ཐུགས་ཁུར་རྒྱ་ཆེན་བཅས་ཆོས་ནོར་གྱིས་རོགས་སྐྱོར་བླ་མེད་དང་། སེམས་ཅན་བགྲང་གི་མི་ལོང་བའི་སྲོག་སླུས་ཏེ་མི་འཇིགས་སྐྱབས་སྦྱིན་གནང་བའི་མཛད་རྗེས་དང་བཀའ་དྲིན་ནི་ཚད་བཟུང་  བྲལ། ད་ལྟ་ཁོང་གིས་རྒྱལ་ཁབ་ཕྱི་ནང་གི་དད་ལྡན་བུ་སློབ་བགྲང་གིས་མི་ལོང་པར་སློབ་གསོ་ཆོས་སྦྱིན་གྱི་བཀའ་དྲིན་སྐྱོང་བཞིན གངས་ལྗོངས་མཁས་པའི་གདན་ས་དཔལ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གླིང་གཙོའི་ཐུགས་འགན་བཞེས་ཏེ་མཛད་པ་དང་འཕྲིན་ལས་རྒྱས་བཞིན་པའོ།།

   བརྩམས་ཆོས་ལ། ཟབ་གསང་བྱིན་རླབས་ཀྱི་ཚན་ཁ་མྱུར་བའི་རྫོགས་ཆེན་མན་ངག་གི་སྐོར་དང་། དབང་དང་ཆོ་གའི་འཚམས་སྦྱོར་སོགས་བསྐྱེད་རིམ་ལྷ་སྒྲུབ་ཀྱི་སྐོར གསོ་རིག་ལག་ལེན་དང་ཟབ་མོ་ཆོས་སྤྱོད་ཀྱི་སྐོར རྣོ་ལ་གནད་དུ་ཁེལ་བའི་དཔྱད་བརྗོད་དང་བརྒལ་བརྟག་གི་སྐོར    ཁ་གསལ་ཞིང་གནད་དྲིལ་བའི་གཞུང་འགྲེལ་དང་རྣམ་བཤད་ཀྱི་སྐོར ལྟོས་གྲུབ་རིག་པ་དང་དེང་རབས་ཚན་རིག་གི་སྐོར་བཤད་པ། སྔོན་བྱུང་གཏམ་བརྒྱུད་དང་ཀློང་རྡོལ་སྙན་ངག་གི་སྐོར་སོགས་སྔོན་མེད་ཁྱད་ཆོས་ཀྱིས་ཕྱུག་ཅིང་། སྙན་ལ་དགེ་མཚན་གྱི་ཆེ་བ་འབུར་དུ་ཐོན་པའི་གསུང་པོད་རེ་རེར་ཤོག་གྲངས་ལྔ་བརྒྱ་ལ་ཉེ་བ་ཅན་གྱི་པོད་ཆེན་དྲུག་ལྷག་བཞུགས་པར་མི་འགྱངས་བར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་རྩིས་ཡོད། སྔ་རྗེས་སུ་ཁོང་གི་གསུང་རྩོམ་ཁྲོད་ནས། སྙན་ངག་ཕྱོགས་བསྒྲིགས་འཁོར་འདས་བར་གྱི་རྟོག་འགྱུ་ ཞེས་པ་དང་། གཞན་ཀླད་ཆེན་དང་སེམས་ཁམས་བར་གྱི་འབྲེལ་བ་ལ་དཔྱད་པ། དུས་རབས་གསར་བའི་ཆོས་སྒྲ། ཐར་བའི་ས་བོན་འདེབས་པའི་དབང་སྐོར་འབྲེལ་ཚད་དོན་ལྡན། ཁྲིད་ཡིག་སངས་རྒྱས་ལག་སྟེར་གྱི་འགྲེལ་བ། འཇའ་ལུས་ཡོད་སྨྲ་སྒྲུབ་པ། ཚེ་ཐར་སྲོག་སླུའི་ཕན་ཡོན་སྲོག་ཆགས་དགའ་བའི་ཚལ་སོགས་མང་པོ་ཞིག་པར་དུ་བསྐྲུན་ཡོད། ད་དུང་རྒྱ་ཡིག་གི་གསུང་རྩོམ་དང་། མི་རིགས་གཞན་གྱི་ཡིག་རིགས་སུ་འགྱུར་ཡོད་པའི་གསུང་ཆོས་ཀྱང་མི་ཉུང་བ་ཞིག་མཆིས།

 

ཤར་མི་ཉག་པ།རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བཏུས།

Menu