མི་འགྱུར་ནམ་མཁའི་རྡོ་རྗེའི་ལུང་བསྟན་ནང་། ལྕགས་ཀོང་བའུ་སྣོད་བཟང་སྦར་བུ་མཛེས།། ཞེས་ལྕགས་ཁུང་ལ་འཁྲུངས་རྒྱུ་དང་། ཡབ་ཡུམ་བཅས་དངོས་འཛིན་གསལ་བར་མཛད་པ་ལྟར། ཡབ་བདུད་འཇོམ་རྡོ་རྗེ་གྲོ་ལོད་རྩལ་དང་། ཡུམ་ཤ་ཟ་ཊཀྐཱིའི་རིགས་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ནང་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་འཁྲུངས།
ཞབས་མཐུལ་ན་ཆོས་དུང་འབུར་དོད་དུ་གསལ་བར་བཞུགས་པ་སྐུ་ནར་སོན་སྐབས་སུ་ཡང་ཡོད། ཀུན་བཟང་འཇིགས་མེད་བསྟན་པའི་ཉི་མ་ཕྲིན་ལས་དབལ་འབར་བཟང་པོ་ཞེས་པའི་མཚན་གསོལ། སྐུ་ཆུང་ངུ་ནས་ཆས་ཀྱི་བག་ཆགས་དང་ལྡན་པས། དགུང་ལོ་བདུན་ཙམ་ནས་ཡི་གེ་བརྡ་སྤྲོད་པ་ཙམ་གྱིས་མཁྱེན། རྫོ་སྟོད་དུ་འཕགས་པ་འཇམ་དཔལ་གྱི་ཐུགས་སྲས་དཔལ་སྤྲུལ་ཆོས་ཀྱི་དབང་པོའི་ཞབས་དྲུང་དུ་ཆེད་ཕེབས་ཀྱིས། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་གི་བཀའ་ཁྲིད་གསན་པ་ན། ཆོས་ཀྱི་ཚིག་དོན་མཁྱེན་པར་ཐུགས་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ་ཏེ། མཚན་མོ་རྟག་པར་གཟིམ་པའི་དུས་སུ་སྤྱན་ཆབ་བྱུང་བས་དབུ་སྔས་ཀྱི་སྟེང་ལ་འབྱར་འདུག་པ་ཤ་སྟག་བྱུང་། ཉིན་གཅིག་ཡོངས་འཛིན་ལ་མདངས་སུམ་རྨི་ལམ་དུ་ལྷ་ཁང་ཞིག་གི་ནང་ནང་བླ་མ་ཧེ་རུ་ཀའི་ཆ་བྱད་ཆན་གསུམ་བཞུགས་པའི་དབུས་མ་དེའི་ཕྱག་ན་གླེགས་བམ་ཞིག་བསྣམ་འདུག་པར། ཁྱོད་སུ་ཡིན་གླེགས་བམ་འདི་གང་རེད་ཞུས་ཙ་ན། ང་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ཡིན། གླེག་བམ་འཇིག་རྟེན་ན་སློབ་གཉེར་མི་ཤེས་མཁན་ཚོར་ཤེས་བྱེད་ཀྱི་གླེག་བམ་རེད་ཅེས་གསུངས། དེ་བདག་ལ་བསྩལ་དུ་གསོལ་ཞེས་པ་དང་གནང་བྱུང་བས། སེམས་ཧ་ཅང་དགའ་བོ་གཅིག་བྱས་ན་དེ་རིང་སློབ་གཉེར་བྱས་ན་ཤེས་འོང་སྙམ་པའི་སྤོབས་པ་འདུག་གསུངས། དུས་དེ་ནས་ཡི་དམ་ལྷག་པའི་ལྷས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ་ལ་བརྟེན་དགོངས་པའི་ཀློང་རྡོལ། ཞག་ཁ་ཤས་ནས་སྐྱོར་དཔོན་ལ་མ་བརྟེན་པར་བླ་མས་གསུངས་པའི་ཚིག་དོན་ཀུན་སྤར་བཏབ་པ་བཞིན་འཆད་ཐུབ་པའི་ཤེས་རབ་ཀྱི་རྩལ་ཁ་རྒྱས། དགུང་ལོ་བརྒྱད་པ་ལ་རྡོ་གྲུབ་ཀུབ་བཟང་གཞན་ཕན་དང་། རྫ་ཁྲ་མ་བླ་མ་འཇིགས་མེད་རྒྱལ་བའི་་མྱུ་གུ་གཉིས་ཀྱིས་ཕྱབ་བཏབ་པའི་རྫ་རྒྱལ་དགོན་དུ་དཔལ་སྤྲུལ་རིན་པོ་ཆེ་རང་གི་མཎྚལ་འདེགས་འབུལ་གྱི་སྣ་དྲངས་ཏེ་སྤྱོད་འཇུག་གི་བཀའ་ཁྲིད་གནང་བ་ན། གདུལ་བྱ་རྣམས་མིག་ནས་མཆི་མ་ཐོན་པའི་དད་པའི་ས་ལ་བཀོད། དཔལ་སྤྲུལ་རིན་པོ་ཆས་ཞལ་ནས། འདི་ལྟར་ཆོས་བསྟན་པ་མཐའ་དག་ཡི་དམ་ལྷག་པའི་ལྷས་བྱིན་གྱིས་བརླབས་ནས་གསུང་བའི་ཆོས་ཡིན་པ་ལས། ཐ་མལ་བ་མ་ཡིན་པ་དང་། རྡོ་གྲུབ་བྱིས་པ་ལོ་བརྒྱད་པས་ཆོས་འཁོར་འདི་འདྲ་བསྐོར་ནུས་པའི་ཚད་ལ་དཔགས་ན། ད་དུངལུང་གི་བསྟན་པའི་གནས་ཚད་རྫོགས་མི་འདུག་ཅེས་ཐུགས་དགྱེས་པ་ཆེན་པོས་བསྔགས་པའི་མེ་ཏོག་འཐོར། རྫོགས་ཆེན་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱ་རོང་ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁན་ཆེན་པདྨ་ཆོས་འོད་ཟེར་རམ་རྫོགས་ཆེན་པད་མཁན་རྡོར། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཉག་བླ་གཏེར་སྟོན་བསོད་རྒྱལ། འཇམ་དབྱངས་མི་ཕམ་རྣམ་རྒྱལ། ཞེ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། འཇའ་པ་ཨ་ལག་མདོ་སྔགས་སོགས་ལས། མདོ་སྒྱུ་སེམས་གསུམ། བཀའ་དགོངས་ཕུར་གསུམ། སྙིང་ཐིག་གོང་འོག་སོགས་སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞི་དང་འབྲེལ་བའི་བཀའ་གཏེར་རྒྱ་མཚོའི་སྨིན་གྲོལ། མདོ་སྔགས་གསར་རྙིང་གང་ཡོད་གྲུབ་མཐའི་ཕྱོགས་རིས་དང་། ཆེར་རློམས་ཀྱི་ཁེངས་དྲེགས་སྐྱོ་ངལ་དང་། ཆོག་ཤེས་སོགས་མེད་པར། འདུལ་བ་དབུ་ཚད་ཕར་ཕྱིན་གཙོ་བོར་གྱུར་པའི་གཞུང་ལུགས་ཆེན་པོ་རྣམ་གསན། མཚན་མོ་མར་མེའི་སྣང་བ་ཚུན་ཆད་དཔེ་ཆ་ལ་གཟིགས་ཤིང་ཚིག་ཀུན་ཁོང་ཆུད་པར་མཛད་པས་མཁའི་གྲགས་སྙན་ཐོབ། སྐབས་ཤིག་འཕྲལ་རྐྱེན་གྱིས་བཞུགས་སྟབས་བདེ་མིན་དང་། མགོ་ལོག་པདྨ་འབུམ་དཔོན་ཤོག་ཁག་བརྒྱད་ནས་བཞུགས་གདན་དུ། ཁྲི་ཞེས་པའི་རྡོ་ཡུལ་གྱི་ས་གནས་ཤིག་ཕུལ་བས་རྟེན་འབྲེལ་ལེགས་འགྲིགས་ཀྱིས། རྡོ་ཡུལ་དུ་གནས་སྤོས། གཙང་ཆེན་དངོས་གྲུབ་དཔལ་འབར་གླིང་གི་ཆོས་སྡེ་གསར་འཛུགས་གནང་། འཇམ་དབྱངས་མཁྱེན་བརྩེས་དབུས་ཕྱོགས་ཕེབས་ནས་བསྟན་འགྲོ་སྤྱིར་སྨན། བྱེ་བྲག་ཏུ་སྐུ་ཀེགས་བར་ཆད་ཀྱི་འཕྲེང་བའི་ལུང་བསྟན་འཛོལ་མེད་ཡོད་ན་ཡང་། མཐུན་རྐྱེན་མ་འགྲིག་རྟེན་འབྲེལ་ཉེས་པར་གྱུར་ནས། ལྷོ་རྒྱུད་སྙི་ཁོག་ཏུ་སྨོན་ལམ་ལོག་པའི་མཐུ་གྲུབ་པའི་འགོང་པོ་ངན་ཞིག་ཡོད་པས་ཐོ་བརྩམས་ནས་ཉིན་གཅིག་ཆོས་གསུང་བཞིན་པའི་སྐབས་སུ་གློ་བུར་དུ་རླུང་འཚུབས་དྲག་པོ་བྱུང་བ་སྐུ་ལ་ཕོག་པ་ནས་བཟུང་སྐུ་ཚེ་ཧྲིལ་པོར་སྐུ་ཁམས་ཤིན་ཏུ་བསྙིལ་ཞིང་གནས་གཞན་དུ་ཕེབས་བཞུགས་གང་ཡང་མ་འཛད་མ་ནུས་པར། དགོན་པའི་གཡོན་ངོས་རྫི་མེད་ཀྲ་ལེབ་གོང་མར། ཐང་སྟོང་རྒྱལ་པོའི་ལྷ་ཁང་ཞེས་པའི་དབེན་ཁྲོད་དུ་སྒྲུབ་པ་རྩེ་གཅིག་མཛད་པས་ཡི་དམ་ལྷག་པའི་ལྷས་ཞལ་གཟིགས་ལུང་བསྟན་དངོས་སུ་གནང་བ་སོགས་གྲུབ་པའི་མཚན་མ་མངོན་དུ་གྱུར། རིན་ཐང་བྲལ་བའི་སྐུ་རྟེན་དང་། མཆོད་ཆས། བཀའ་བསྟན་འགྱུར་རོ་ཅོག་དང་། རྙིང་རྒྱུད། བཀའ་གཏེར་གངས་རིའི་ཁྲོད་ཀྱི་རིས་མེད་བོད་ཀྱི་མཁས་གྲུབ་རྣམས་ཀྱི་གསུང་འབུམ་སྣ་ཚོགས། རིག་གནས་སྐོར་གྱི་གླེགས་བམ་གྲངས་མང་དངོས་གཙང་བ་བྲག་རི་བརྩིགས་པ་ལྟ་བུ་བཞེངས་པར་མཛད་དེ་དཔེ་མཛོད་བསྐྲན། མ་གཟའ་དམ་གསུམ་དགོངས་བཙན་མིར་བརྫིས་ནས་གླེགས་བམ་མང་པོ་དངོས་སུ་འབུལ་བ་བྱུང་། རང་དང་ལྟ་དགོངས་མཉམ་ཞིང་ལུང་བསྟན་བཀའ་རྒྱ་མར་ལུང་གིས་ཟིན་པའི་མགར་མཁན་པོ་འཇིགས་འོད། སེར་ཤུལ་མཁན་པོ། མཁན་པོ་དམ་ཆོས། ཀླུ་ཤུལ་མཁན་པོ་སྟེ་མཁན་ཆེན་རྣམ་བཞི་སོགས་ཀྱི་བཀའ་དྲིན་ལས་ཡུལ་གྲུ་ཀུན་ནས་སློབ་མ་སྐར་ཚོགས་ལྟ་བུ་འདུས་ན་ཡང་། ཐུན་མོང་གི་བསོད་ནམས་འདི་དག་དགེ་སྦྱོར་གྱི་གཡེང་བ་བྱང་ཆུབ་སྒྲུབ་པའི་བར་ཆད་དུ་དགོངས་པས་མངའ་ཐང་དང་འཁོར་སློབ་ཀྱི་གཟི་བྱིན་འགྲན་པ་སོགས་ཚེ་འདིའི་གཡེང་བ་རྒྱབ་ཏུ་བསྐྱུར་ནས་བཤད་སྒྲུབ་ལས་གསུམ་གྱི་འཕྲིན་ལས་རླབས་པོ་ཆེས་བསྟན་པའི་རྒྱལ་མཚན་བཙུགས། དུས་ཐམས་ཅད་དུ་སྦས་པའི་བརྟུལ་ཞུགས་ཁོ་ན་ལ་གནས་པས་གསང་བ་སུས་ཀྱང་བརྟགས་པར་དཀའ། བཞུགས་གནས་ཀུན་ལ་ཚུལ་ཁྲིམས་ཀྱི་དྲི་བསུང་གིས་ཁྱབ། བྱིས་པ་ལྟར་མ་ཁེངས་ཤིང་འགྲོགས་ན་བདེ་བ་ཡིན་ཀྱང་། ཐུགས་སྒམ་ཚིག་བཙན། རང་སྣང་དབང་དུ་འདུས་པའི་རྟེན་འབྲེལ་གྱིས་གཟི་བརྗིད་ཆེན་པོར་རློམས་པ་སུས་ཀྱང་ཁེངས་དྲེགས་ཞུམ་བཞིན་འདུད། དབའ་ཤུལ་གསེར་ཐརནང་སྒོ་རྒན་ཐང་གི་མཆོད་རྟེན་ཆེན་པོར་རྫུ་འཕྲུལ་གྱིས་རབ་གནས་ཟང་ཐལ་གནས་བས་གདུལ་བྱའི་ཡིད་འདུན་པར་གྱུར་བ་དང་། རྣམ་ཀུན་གསེང་ཐམས་ཅད་ལ་ཕྱག་དཔེ་བར་མེད་གཟིགས་པ་སོགས་ཆོས་ཚུལ་ཕྱོགས་ལ་སྦྱངས། གསང་བ་སྙིང་པོའི་སྤྱི་དོན་མཛོད་སྡེ་དང་གཟུངས་ཀྱི་རྣམ་བཤད་སོགས་ཀྱིས་གཙོ་བོར་བྱས་པའི་བསྟན་བཅོས་བསྟོད་ཚོགས། གཏམ་ཚོགས། གསུང་མགུར། རྫོགས་ཆེན་སྐོར་སོགས་པོད་ཆེན་བཅུ་ཕྲག་ལོང་བ་སོགས་མཛད། ཕྱིས་སུ་མན་ངག་ལྟ་བའི་འཕྲེང་བ་རྩོམ་པའི་སྐབས་ཤིག་ད་ལྟའི་ལས་ཀྱི་མཐའ་དེ་ཙམ་ཡིན། ད་དཔེ་ཆ་དེ་སྡོམས་ཤིག་སླད་ནས་ངའི་སྤྲུལ་སྐུ་ཡིན་ཞེས་པ་ཞིག་གིས་འདིའི་མཇུག་བསྡུ་འོང་། ཞེས་བསྙུལ་ཚུལ་བསྟན། དགུང་ལོ་རེ་གཉིས་བཞེས་པ། རབ་བྱུང་བཅོ་ལྔ་རྫོགས་པའི་མེ་ཕོ་སྟག་ལོ་ལ། གཟུགས་སྐུའི་བཀོད་པ་ཉེ་བར་བསྡུས་པ་ལགས་སོ། ཐུགས་སྲས་ཞལ་སློབ་མཐའ་ཡས་པ་ལས་ཨ་འཛོམས་འབྲུག་པ་དང་རྗེ་འདི་གཉིས་ཀྱིས་དོན་བརྒྱུད་ཀྱི་དགོངས་པ་མཁྱེན་བརྩེ་གཉིས་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་གཏད་དེ་བརྒྱུད་པ་རིན་པོ་ཆེ་སྤེལ་བར་དཀྱུས་སུ་གསལ་ལོ།