ཨོྃ་སྭ་སྟི།
རིག་སྟོང་གདོད་མའི་ཀུན་བཟང་ཆོས་ཀྱི་སྐུ།།
ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ།།
གང་འདུལ་མཚོ་སྐྱེས་དངོས་བྱོན་སྤྲུལ་བའི་སྐུ།།
སྐུ་གསུམ་དབྱེར་མེད་མི་ཕམ་བླ་མར་གུས།།
ཆེ་བ་དྲུག་ལྡན་སྔ་འགྱུར་བསྟན་པའི་སྲོལ།།
སླར་ཡང་ས་ཆེན་འདི་ལ་འོད་ཅིག་བསྐྲུན།།
གངས་ཅན་མཁས་དགུའི་དབུས་ན་མི་ཕམ་པ།།
ཕྱོགས་ལས་རྣམ་པར་རྒྱལ་བར་ཨེ་མ་གུས།།
རྒྱལ་བསྟན་ཉི་མ་བྱང་ནས་བྱང་དར་ཞེས།།
ལུང་བྱང་གསེར་གྱི་མེ་ཏོག་འཐོར་བ་བཞིན།།
བསྟན་པའི་ཆུ་མགོ་དྲུག་ལྡན་རང་ལུགས་ཆེ།།
བཤད་སྒྲུབ་རྒྱལ་མཚན་སྒྲེང་མཁས་ཁྱེད་མིན་སུ།།
ཨེ་མ་ཡབ་གཅིག་འཁོར་ལོའི་མགོན་པོ་ལགས།།
ཁྱེད་སྐུ་ཤམ་བྷ་ལ་ཡི་གྲོང་ཁྱེར་དུ།།
ཐེག་ཆེན་ཆོས་ཀྱི་དབྱར་རྔ་ལྡིར་ན་ཡང་།།
ཀྱེ་མ་འུ་ཅག་ཤུལ་ལུས་སྙིང་རེ་རྗེ།།
སྙིང་དབུས་པདྨ་དཀར་པོའི་སྐྱེད་ཚལ་དུ།།
འབྲལ་མེད་ཆོས་ཀྱི་རྒྱལ་པོ་ཡིད་བཞིན་ནོར།།
ཡབ་རྗེ་བླ་མ་ཉིད་དང་ཁྱེད་གཅིག་པའི།།
བཀའ་དྲིན་དྲན་ནོ་མི་ཕམ་འཇམ་པའི་དབྱངས།།
བཅུ་ཕྲག་རིག་གཞུང་རྒྱ་མཚོའི་གནས་ལ་མཁས།།
སོར་བྱང་སྔགས་གསུམ་དག་པས་རང་རྒྱུད་བཙུན།།
ཆོས་ཉིད་གནས་ལུགས་ཟབ་མོ་རྟོགས་པས་བཟང་།
མཁས་པའི་ལས་དགུའི་ཅོད་པཎ་ཁྱེད་ལ་མཛེས།།
སྡེ་སྣོད་རྒྱ་མཚོའི་དཔལ་ཡོན་རབ་ཏུ་ཐོས།།
ཐོས་དོན་ལྷུར་ལེན་ཡང་དག་རིག་པས་བསམ།།
གནས་ལུགས་རྫོགས་པ་ཆེན་པོའི་རང་བཞིན་བསྒོམ།།
རང་དོན་ཐོས་བསམ་སྒོམ་པས་ལུས་སྟོབས་རྒྱས།།
འཆད་ལ་ཐོཊ་མེད་རྫ་ཆབ་འཁྱུཊ་འགྲོས་བཞིན།།
རྩོད་པ་རྒོལ་ངན་འཇོམ་ལ་ཐོག་ལྟར་དཔའ།།
རྩོམ་པ་ཚངས་པའི་བུ་མོའི་མགྲིན་ལས་སྙན།།
གཞན་དོན་འཆད་རྩོད་རྩོམ་པས་འཕྲིན་ལས་རྒྱས།།
སྐྱེ་རབས་ནོར་བུའི་འཕྲེང་བ་གང་དུ་ཡང་།།
ཆོས་རྗེ་བླ་མ་ཉིད་དང་མི་འབྲལ་བར།།
བསྟན་འགྲོའི་དོན་ཆེན་གེགས་མེད་ལྷུན་གྱིས་གྲུབ།།
གཞོན་ནུ་བུམ་སྐུའི་གཏན་སྲིད་ཟིན་པར་ཤོག།།
ཞེས་ཀར་དབང་ལྷ་དགུའི་གྲངས་ལྡན་འདི་ནི་སྔ་འགྱུར་བསྟན་པའི་ཤིང་རྟ་ས་གསུམ་ན་སྙན་པར་གྲགས་པའི་ཀུན་མཁྱེན་མ་ཧཱ་པཎྟིཏ་ཆོས་རྗེ་མི་ཕམ་ཕྱོགས་ལས་རྣམ་པར་རྒྱལ་བ་སྐུ་མྱ་ངན་ལས་འདས་ནས་མི་ལོ་ཧྲིལ་བོ་ ༩༩ འཁོར་བའི་ཉིན་མོ་བོད་རབ་གནས་ལྕགས་ཡོས་ས་ཟླའི་ཚེས་ ༢༩ སྤྱི་ལོ་ ༢༠༡༡ ༠༦ ༣༠ ལ་༸གྲུབ་དབང་རྫོགས་ཆེན་པའི་མཁན་མིང་འཛིན་པ་ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན་དུ་འབོད་པས་རྗེས་དྲན་དད་པའི་རོལ་མཚོ་ཉིད་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །།
་་་་་་་་་་་་་་་་་་