རྗེ་འབངས་ཉེར་ལྔ་ལས་འཕོས་བཤད།
མཁས་པ་ཁག་ཅིག་གིས་བསྟན་པ་ཕྱི་དར་གྱི་ལོ་ཙཱ་ཆེན་པོ་རིན་ཆེན་བཟང་པོ། རྔོག་ལོ། ཁྲོ་ལོ་བྱམས་པའི་དཔལ་རྣམས་མཁྱེན་པ་ཕྲིན་ལས་གཉིས་ཀ་སྔོན་གྱི་ལོ་ཙཱ་བ་མཐའ་དག་བསྡུས་པས་ཀྱང་མི་དོ་བར་སྣང་ལ་ཞེས་གསུངས་པ་སྣང་ཡང་ཅུང་ཟད་གསུང་རྩིང་བར་སྙམ་སྟེ། ལོ་ཙཱ་བ་དེ་དག་བསྟན་པའི་རྩ་ལག་འགྲན་ཟླ་དང་བྲལ་བར་སྙོན་དུ་ཅི་ཡོད་ཀྱང་། མཁེན་པ་རང་ལོ་ཆེན་བཻ་རོ་སོགས་ལས་མི་ལྷག་པ་འདྲ་སྟེ།
རྔོག་ལོས་བྱེ་བྲག་བཤད་མཛོད་ཆེན་མོ་བསྒྱུར་བར་བརྩམ་པའི་ཚེ་བཻ་རོའི་རྣམ་དཔྱོད་ལ་ཐུགས་ཧ་ལས་ཏེ། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་ཞིག་འདྲ། །རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཙམ། །ཁོ་བོ་ཅག་ནི་སྲིན་བུ་མེ་ཁྱེར་མཚུངས། །ཞེས་སྔོན་གྱི་ལོ་ཙཱ་བ་དེ་དག་གི་མཁྱེན་རབ་ལ་འགྲན་དུ་མེད་པའི་ངེས་ཤེས་ཐུགས་ལ་འཁྲུངས་ནས་བསྔགས་བརྗོད་གསང་པོར་མཛད་འདུག་པ་དང་། གནའ་བོའི་ལོ་ཙཱ་བ་ཐོན་མི་སམྦྷོ་ཊས་ཐོག་མར་བོད་ཀྱི་ཡི་གེ་དང་བརྡའི་སྲོལ་བཏོད་པ་ཁ་ནའི་མཁྱེན་དཔྱོད་དང་བཀའ་དྲིན་ཡང་བསམ་གྱས་མི་ཁྱབ་བྱར་མ་གྱུར་ཅིང་ཕྱིས་ཀྱི་ལོ་པཎ་སུས་ཀྱང་འགྲན་མི་བཟོད་པ་མངོན་སུམ་ཚད་མར་གྱུར་པ་དང་། དེ་བཞིན་དུ་ལོ་ཆེན་བཻ་རོ་དང་ཀ་ཅོག་སོགས་ཀྱིས་ཆོས་ཀྱི་སྐད་བྱ་ཀ་ར་ཎའི་ལུགས་སོགས་དང་། བོད་སྐད་བརྡ་ཤིན་ཏུ་འཕྲོད་དཀའ་བ་རྣམས་ཁྲི་སྲོང་མེས་དབོན་གྱི་དུས་བཀའ་བཅད་ཆེན་མོ་མཛད་ནས་གཏན་ལ་ཕབ་པའི་ཚུལ་སྒྲ་སྦྱོར་བམ་གཉིས་སོགས་སུ་གསལ་བ་ལྟར། ལམ་མེད་པ་ལ་གསར་དུ་བཏོད་པ་དང་ལམ་སྲོལ་བདེ་བར་འགྲོ་བའི་ཁྱད་ཙམ་མཛད་པའི་ཕྱིར་འཇམ་དབྱངས་ས་སྐྱ་པཎྜི་ཏས་ཀྱང་། བདེ་བར་གཤེགས་པའི་རིང་ལུགས་བླ་ན་མེད། །ཞུ་ཆེན་སྒྱུར་བྱེད་མཚན་བུའི་གནསའདུག་པའི། །སྐད་གཉིས་སྨྲ་བ་བློ་གྲོས་དཔལ་ལྡན་པ། །དེ་དག་བདག་ཅག་རྣམས་ཀྱི་མིག་ཏུ་གྱུར། །ཞེས་སྔོན་གྱི་ལོ་ཙཱ་དེ་དག་ཕྱིས་མཁས་པ་རྣམས་ཀྱི་མིག་ཏུ་གྱུར་ཅེས་ཅེས་བསྔགས་པ་མཛད་དོ། །ཕྱིས་ཚོད་བསྟན་པའི་སྲོལ་ལེགས་པར་ཚུགས་ནས་ཆོས་ལ་དད་པའང་མང་ཞིང་། དགེ་སྡིག་བླང་དོར་ཡང་གནག་རྩི་ཡན་ཆད་ཀྱིས་ཤེས་པ་ན། བསྟན་པའི་འཕེལ་གྲིབ་ཅུང་ཟད་བྱུང་ནའང་། སྔར་དུ་ལྟ་བུའི་དཀའ་ཚེགས་ལ་སྟོས་དགོས་པ་མེད་ལ། འོན་ཀྱང་། སྟོབས་འབྱོར་ཕྱིས་ཀྱི་ལོ་ཙཱ་རྣམས་ལྟ་བུ་མེད་དེ། །དེ་དག་ཀུན་སྤངས་ཁོ་ན་ལས་གསོག་འཇོག་མི་མཛད་མེད། འོན་ཀྱང་འཚོ་བ་བླ་ནས་སྦྱར་ཞིང་། ཆོས་བསྒྱུར་བའི་མཐུན་རྐྱེན་ཅི་ཐམས་ཅད་རྒྱལ་པོས་སྦྱར་ཏེ་གསེར་ཁལ་དུ་ལོངས་པ་སོགས་ཡོ་བྱད་ཕོངས་པ་མེད་པར་རྩལ་བས་རྩོལ་སྒྲུབ་དགོས་སྐད་མི་འདུག འོན་ཀྱང་བསྟན་པ་ཕྱི་དར་གྱི་ལོ་པཎ་ཡོངས་གྲགས་དེ་དག་གིས་བསྟན་པའི་སྲོག་འཐུད་པའི་བཀའ་དྲིན་གཞལ་བྱར་མ་གྱུར་མོད། གཞན་དུ་གསར་མ་བ་རང་གི་ལོ་རྒྱུས་ཁ་ཅིག་ལས་སྐྱིད་གྲོང་ངོ་བོའི་མདུན་ནས་རྟགས་རང་གིས་བླངས་ནས་བོད་དུ་མཁན་པོ་བྱེད་པའི་པཎྜི་ཏ་དང་བོད་ཀྱི་ལོ་ཙཱ་བའང་ཆོས་སྤངས་ལ་མཁས་སྙམས་དང་ཕྲག་དོག་ལ་ཁྱད་ནོར་དུ་འཛིན་པ་དེ་འདྲའང་ཅི་རིགས་བྱུང་བའི་ཕྱིར། བདག་ལྟ་བུས་མཁས་པའི་གསུངས་ལ་དཔྱད་པར་མིརིགས་ཀྱང་། དབང་ལོ་ཆེན་པོས། མཁས་པ་ཉི་མའི་ཕྲིན་ལས་ལ། །སྲིན་བུ་མེ་ཁྱེར་ལྟ་བུ་ཡིས། །མཁས་འདོད་བྱ་བར་མི་རིགས་ཀྱང་། །བསམ་པ་དག་ཕྱིར་སྐྱོན་མེད་སྙམ། །ཅེས་གསུང་པ་ལྟར་དཔྱད་པར་ཅུང་ཟད་ཐལ་ཡང་། ནོངས་པར་གྱུར་ན་མི་འཆབས་པར་བཤགས་སོ། །བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ལས། བསྟན་པ་རིན་པོ་ཆེ་འཕགས་བོད་གཉིས་སུ་ཇི་ལྟར་བྱོན་པའི་ཚུལ་ཏེ་སརྒ་གཉིས་པའོ། །
ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།