ཨོྃ་བདེ་ལེགས་སུ་གྱུར་ཅིག ཀུན་བཟང་ཆོས་སྐུ་གཞི་རྩ་བྲལ་བའི་ངང་། །འགག་མེད་ལོངས་སྐུ་རྒྱལ་བ་ཚེ་མཐའ་ཡས། །
རང་བྱུང་སྤྲུལ་སྐུ་མཚོ་སྐྱེས་གྲུབ་ཚིགས་ཀྱིས། །དགེ་ལེགས་འཆི་མེད་བདུད་རྩིའི་ཆར་རྒྱུན་སྩོལ། །
རྫོགས་ཆེན་ཕྲིན་ལས་སྤེལ་ལ་ཟླ་བྲལ་ཞིང་། །པདྨའི་རིག་འཛིན་ཚོགས་ཀྱི་གཙུག་གི་རྒྱན། །
འཇིགས་མེད་ཟངས་ཐལ་ཀློང་དུ་རྡོལ་བའི་མཐུས། །བློ་གསལ་བྱེ་བའི་མགོན་གྱུར་གསོལ་བ་འདེབས། །
མགོན་དེའི་ཐུགས་རྗེས་རྩལ་ལས་འཁྲུངས་པ་ཡི། །སྔ་འགྱུར་བསྟན་འཛིན་དབང་པོ་སྐྱེས་རབས་ཕྲེང་། །
གསེར་རིའི གྲངས་ལ་འགྲན་པའི་འཇིགས་བྲལ་རྗེ། །མཚན་ཙམ་གྱིས་ཀྱང་ལྷུན་པོ་བརྟན་པར་ཤོག །
ཅེས་ཞབས་བརྟན་གསོལ་འདེབས་འཆི་མེད་བདུད་རྩིའི་ཆར་རྒྱུན་འདི་ནི་རྫོགས་ཆེན་མཁན་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་སོགས་ཀྱིས་འདི་ལྟ་བུ་ཞིག་འབྲི་དགོས་ཞེས་ལྷ་རེག་རྟེན་དང་བཅས་བསྐུལ་བ་དང་། རང་ཉིད་ཀྱང་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་འདི་ཉིད་དང་འབྲེལ་འདྲིས་ཆེ་བ་ཕྲན་སེ་རིའི་མཁན་ཁྲི་བློ་བཟང་དཔལ་ལྡན་པས་ཆུ་སྟོད་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པ་སྟེ་ཚེ་སྤེལ་བའི་འཕྲོད་སྦྱོར་དགེ་བའི་ཉིན་སྐྱབས་ཡུལ་དམ་པར་གསོལ་བ་བཏབ་སྟེ་བགྱིས་པའོ།། །།