ཕྱི་ཟླ་༠༢ པའི་ཚེས་ས་༨ ནས་༡༢ བར་ཉི་གྲངས་༤ ༧སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེའི་སྐུ་སྲས་ཨོ་རྒྱན་རིག་འཛིན་ལགས་དང་། མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་རྣམ་གཉིས་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་དང་། རྫོགས་ཆེན་བླ་བྲང་གི་ཚབ་བྱས་ནས།སྐྱབས་རྗེ་༧དམ་པ་རྡོ་གྲུབ་ཆེན་རིན་པོ་ཆེའི་བྱེས་ཀྱི་གདན་ས་མཆོད་རྟེན་དགོན་དུ་ཆེད་བསྐྱོད་ཀྱིས་ཉེ་གནས་རྣམ་པའི་གཙོས་སློབ་འབངས་ཡོངས་ལ་ཐུགས་གསོ་དང་། དགོངས་རྫོགས་མཆོད་འབུལ་གྱི་ཞལ་འདེབས་དང་། དགེ་འདུན་པར་སྐུ་ཡོན་ཕུལ། དེ་བཞིན་འབྲས་ལྗོངས་གནས་བཞུགས་རྫོགས་ཆེན་གྲྭ་རྒྱུན་གང་འཛོམས་ཀྱིས་སྐུ་གདུང་རིན་པོ་ཆེའི་མདུན་ཚིག་བདུན་བླ་རྣམ་ཀྱི་ཚོགས་མཆོད་ཉིན་གང་ཕུལ་ཏེ་གསོལ་སྨོན་སྐྱབས་འཇུགས་ཞུས། རིང་མིན་རྒྱལ་ཕྱི་ནང་གི་འགྲོ་སྒོ་སྟབས་བདེ་ནམ་བྱུང་སྐབས་༧སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་ཕེབས་གཏན་ཁེལ་ཡོད་པ་རེད་འདུག
སྤྱིར་བཏང་ ༢༠༢༢/༡/༣༠ ནས་འཕགས་ཡུལ་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་པའི་དགེ་འདུན་པ་གྲངས་༢༡ རེ་ཉིན་ལྟར་རེ་མོས་ཀྱིས་གཏེར་ཆེན་ཀརྨ་གླིང་པའི་ཟབ་གཏེར་དུ་སྤྱན་དྲངས་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་ཐོས་གྲོལ་གྱི་ལྷ་ཞལ་ཕྱེས་ཏེ། ༧སྐྱབས་གཅིག་འཁོར་ལོའི་མགོན་པོ་རིགས་དང་དཀྱིལ་འཁོར་ཀུན་གྱི་སྤྲོ་གཞི་མཚུངས་མེད་བླ་མ་དམ་པ་རྡོ་གྲུབ་ཆེན་ཡིད་བཞིན་དབང་གི་རྒྱལ་པོ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་འཇིགས་མེད་ཐུབ་བསྟན་འཕྲིན་ལས་དཔལ་བཟང་པོ་གང་གི་ས་ལམ་གྱི་བར་ཆད་ཞི་ཞིང་། བསྟན་དང་འགྲོ་བའི་དོན་ཐུགས་ལ་གང་བརྣགས་པ་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པ་དང་། འབྲེལ་ཐོག་ལྟོས་བཅས་རྣམས་ཀྱི་སྐྱེ་རྒྱུད་དུ་བསགས་པའི་དམ་ཚིག་ཉམ་ཆགས་བྱང་ཞིང་རྣམ་མཁྱེན་རྒྱལ་བའི་གོ་འཕང་རིན་པོ་ཆེ་ཐོབ་ཆེད་ཞེ་དགུའི་རིང་དགོངས་རྫོགས་མཆོད་འབུལ་ཚོགས་དང་འཚོགས་མུས་ཡིན་པ་རེད་འདུག
བཀླགས་གྲངས། 179