དེ་རིང་གི་ཚོགས་ཆུང་གཉིས་ཀའི་གྲོས་ཆོད་ལ་ངས་མོས་མཐུན་ཡོད། ཁྱེད་རྣམ་པས་ཧ་ལས་པའི་གྲོས་ཆོད་ཡག་པོ་བཞག་འདུག ངས་མཁན་སྤྲུལ་ལྷན་འཛོམས་ཐེངས་གཉིས་པའི་ཐོག་ལ་ཕེབས་པའི་དགེ་མང་རིན་པོ་ཆེ་དང་། ཉི་གྲགས་རིན་པོ་ཆེ། ཆུ་བོ་རིག་འཛིན་ཆེན་པོ། གོང་སྤྲུལ། དགེ་མང་རིན་པོ་ཆེའི་སྐུ་ཚབ། གཡག་ཟེ་སྤྲུལ་སྐུ། གང་ལྟར་བོད་ནས་ཕེབས་པ་དང་སྐུ་ཚབ་ཁག་ཚང་མས་གལ་ཆེན་དོན་ལ་བརྩིས་ནས་ཕེབས་པ་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
ང་རང་གི་གཤིས་ཀ་དེ་མི་ཉམ་ཆུང་ཞིག་རེད། ཁུ་སིམ་པོ་བྱས་ནས་སྡོད་མཁན་གྱི་གྲས་ཡིན། ཟང་ངེ་ཟིང་ངེ་ལ་དགའ་པོ་མེད། དེ་ཡིན་དུས་མི་ཚང་མས་ཁྱོས་ཟང་ངེ་ཟིང་ངེ་བྱེད་དགོས་ཀྱི་འདུག་ཟེར་དུས། ངས་ཞེ་དྲག་འཇོན་གྱི་མི་འདུག དེ་ཡིན་དུས་ང་རང་ཚོས་ག་རེ་བྱས་ན་བརྟན་པོ་ཞིག་དང་། ཕུགས་ཐག་རིང་པོའི་ལས་ཀ་ཞིབ་བྱས་ན་ཡག་པོ་ཡོད་ས་རེད་བསམ་གྱི་འདུག ད་ལྟ་ངས་བཀའ་སློབ་ཞུ་ས་ནི་སྐྱབས་རྗེ་གཟན་དཀར་རིན་པོ་ཆེ་རེད། ངའི་བླ་མ་ནི་སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་རེད། ཁོང་རྣམ་པ་གཉིས་ནི་ཆོས་དང་འཇིག་རྟེན་གཉིས་ཀྱི་བཀའ་སློབ་ཞུ་ས་དེ་ཡིན། ཁོང་རྣམ་པ་གཉིས་འདྲ་པོ་དེང་སང་ཕལ་ཆེར་འཛམ་བུ་གླིང་ན་མེད་པ་འདྲ་པོ་ཡིན་ས་རེད་བསམ་གྱི་འདུག དེ་མིན་མཁན་ཆེན་རྣམ་པ་ཚོ་ནི་འདས་སོང་། བླ་མ་ཚང་མ་འདས་སོང་། སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་ཡིན་ན་བཀའ་དྲིན་ཆེན་པོ་ཡིིན། ང་ཚོར་སྔོན་མ་འདིར་མཁན་པོ་མེད། བོད་ནས་ཚུར་མཁན་པོ་ཞིག་བཏང་ཡོང་ཟེར་ཀྱི་འདུག་དེ་བཏང་ཡོང་རྒྱུ་གཅིག་ཀྱང་མི་འདུག དབུ་མཛད་བཏང་ཡོང་ཟེར་དེ་མི་འདུག གྲྭ་པ་བཏང་རྒྱུ་མི་འདུག དེ་ནས་འུ་ཐུག་ནས་ག་རེ་བྱེད་དགོས་རྒྱུ་འདུག ཇི་དགོས་ས་རེད་ཅེས་ཡར་མར་བལྟས་ནས་མཐར་སྐྱབས་རྗེ་པད་ནོར་རིན་པོ་ཆེའི་སྐུ་མདུན་ལ་བཅར་ནས། འདིར་ང་ཚོར་བཤད་གྲྭ་ཞིག་ཡོད་དེ་རྨེ་བ་མཁན་པོ་ཐུབ་བསྟན་ཟླ་བ་དྲུག་རེ་ལས་རྒྱུན་རིང་པོ་བཞུགས་ཐུབ་ཀྱི་མི་འདུག ངས་བཤད་ལོང་རག་གི་མི་འདུག དེ་ལ་མཁན་པོ་ཡག་པོ་ཞིག་གཏོང་རོགས་ཀྱིས་ཞུས་པ་ཡིན། དེ་ནས་ཁོང་གིས་ཡིན་དང་ཡིན། ཡག་རུ་ཡག་ཚད་གཏོང་གི་ཡིན་གསུངས་སོང་།
དེ་ནས་ལོ་རྟག་པར་འདིར་མཁན་པོ་བཏང་ཚད་ཚང་མ་དེ་རྣམ་གྲོལ་གླིང་གི་དྲག་རུ་དྲག་ཚད་བཏང་བྱུང་། དངོས་གནས་དྲང་གནས་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོ་ཡིན། དེ་ང་ཚོ་རྫོགས་ཆེན་ཚང་མས་ངོ་ཤེས་དགོས་ཀྱི་ཡོད། དེ་འདྲ་ཡིན་དུས་སྐྱབས་རྗེ་པད་ནོར་རིན་པོ་ཆེ་ཁོང་བླ་མ་བཟང་པོ་ཡིན་པས་མ་ཚད་མི་ཡང་བཟང་པོ་རེད་འདུག བྱས་དུས་ང་ཚོར་བླ་མ་བཟང་པོ་ཞིག་གིས་འགྲིག་གི་མི་འདུག མི་བཟང་པོ་དེ་ཡང་དགོས་ཀྱི་འདུག སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་ཡིན་ནའང་དངོས་གནས་དྲང་གནས་བསམ་གཅིག་དྲན་གཅིག་གི་མི་བཟང་པོ་རེད། དེ་འདྲ་ཡིན་དུས་ང་རང་ཚོས་ཕར་གློ་བ་གཏད་དུས་ཚུར་ལ་བསླུ་བ་མི་གཏོང་མཁན་ཞིག སྐྱིད་སྡུག་ག་རེ་ཡིན་ནའང་གཟིགས་ཐུབ་མཁན་ཞིག་དགོས་ཀྱི་འདུག བླ་མ་ཟེར་བ་དེ་ཆོས་འཇིག་རྟེན་གཉིས་ཀྱི་ཐོག་ནས་དེ་འདྲ་ཞིག་དགོས་པ་དེ་གལ་ཆེན་པོ་རེད་འདུག
ང་རང་ཡིན་ནའང་། ཁྱེད་རྣམ་པ་ཚོས་ཚུར་རེ་བ་ཞིག་བརྒྱབ་ཡོང་དུས་རང་གིས་ཡིན་ནའང་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་གང་ལྕོགས་ཅི་ལྕོགས་ཀྱིས་ཁྱེད་རྣམས་པར་རྒྱབ་སྐྱོར་ཞུ་ཡི་ཡིན། དེ་ཡིན་དུས་ང་ཚོ་ཚང་མས་སྐྱིད་སྡུག་གང་ཡིན་ན་ཕན་ཚུན་བགྲོ་གླེང་བྱས་ནས། མ་འོངས་པ་སྐྱིད་སྡུག་གང་བྱུང་ན་ག་འདྲ་བྱས་ནས་ཕར་ཞབས་ཆུ་གང་ཞུ་དགོས་ཀྱི་འདུག ཚུར་ལ་ཕན་བཏག་རྒྱུ་ཡོད་རྒྱུ་རེད། ཕར་ལ་ཕན་བཏག་རྒྱུ་ཡང་མང་པོ་ཡོད་རེད། དེ་ཡིན་དུས་ང་ཚོ་ཚང་མས་གཅིག་ཕན་གཅིག་གྲོགས་བྱས། ནང་ཁུལ་མཐུན་པོ་བྱས། རྡོག་རྩ་གཅིག་སྒྲུལ་བྱེད་རྒྱུ་དེ་དཔེ་མ་ཟད་པའི་གལ་ཆེན་པོ་རེད་འདུག གཅིག་སྒྲིལ་གྱི་ནུས་པ་དེ་བྱུང་ན་ང་རང་ཚོའི་ནུས་པ་ཆེ་ཤོས་དེ་རེད་བསམ་གྱི་འདུག རྫོགས་ཆེན་ཚང་ལ་མི་འཇོན་པོ་འདུག མཁས་པ་འདུག ཡོན་ཏན་ཅན་འདུག ཚང་མ་འདུག་སྟེ་ཚང་མ་འཐར་བསྡད་འདུག ང་རང་ཚོ་ཚང་མ་རུག་རུག་བཟོ་ཐུབ་པ་ཡིན་ན། དཔེར་ན་རྩེད་མོ་རྩེ་སྤྱད་ཚུར་བསྒྲིགས་པ་ཡིན་ན་ཁང་པ་བཟོ་ཆོག་པ་ཞིག་ལ། གཏོར་པ་ཡིན་ན་ཁང་པ་མཐོང་རྒྱུ་མེད་པ་དེ་ནང་བཞིན་ང་རང་ཚོ་ཚུར་བསྒྲིག་བཞག་པ་ཡིན་ན་པར་ཡག་པོ་ཞིག་ཆགས་ས་རེད། དེ་ཡིན་དུས་དེ་རིང་ལྷན་ཚོགས་ཐེངས་གཉིས་པ་དེས་དུམ་བུ་གསུམ་གྱི་གཅིག་དེ་བསྒྲིགས་ཚར་འདུག་བསམ་གྱི་འདུག དེ་ནས་ལྷན་ཚོགས་གསུམ་པ་དེས་དུམ་བུ་གཉིས་དེ་འགྲིག་ཐུབ་ན། ཚོགས་བཞི་པ་དེར་ཚང་མ་འགྲིག་ཐུབ་པའི་རེ་བ་དེ་འདྲ་བྱེད་ཀྱི་ཡོད།
ཁྱེད་རྣམ་པ་ཚོ་ད་རེས་ཕེབས་པ་རེད། མ་འོངས་པ་ང་རང་ཚོ་ལོ་གཉིས་རེ་ནང་ལ་འཚོགས་ཐུབ་ན་དཔེ་མ་ཟད་པའི་ཡག་པོ་རེད་འདུག དེ་ང་ལ་མོས་མཐུན་ཡོད། ང་ཚོས་ལོ་རེ་རེ་བཞིན་གྲ་སྒྲིག་རྒྱས་རུ་གཏོང་རྒྱུ་དང་། ཁྱེད་རྣམ་པ་ཚོ་ངེས་པར་དུ་ཕེབས་རོགས་གནང་། ང་རང་ཡིན་ནའང་ངེས་པར་དུ་ཚོགས་འདུ་དེའི་འགོ་ཁྲིད་བྱས་ནས་ག་རེ་ཞུ་དགོ་ན་ཞུ། ཁྱེད་རྣམ་པ་ཙམ་མ་ཡིན་པར་ང་རང་ཚོའི་ཆོས་རྒྱུད་གཅིག་པའི་དགོན་ལག་གི་སྐུ་ཚབ་གང་མང་མང་ཞིག་ཕེབས་ཐུབ་ན་ཡག་པོ་འདུག་བསམ་གྱི་འདུག ཅེས།
བཀའ་སློབ་ལམ་སྟོན་ཟབ་རྒྱས་ཤིག་གནང་ཡོད་པ་རེད།