སྤྱི་ལོ་༧༥༥ལོར། བོད་ཀྱི་རྒྱལ་པོ་མེས་ཨག་ཚོམ་བློན་པོ་འབལ་ལྡོང་ཙབ་དང་ལང་མྱེས་གཟིགས་གཉིས་ཀྱིས་ཡར་འབྲོག་གཡུ་མཚོའི་འགྲམ་དུ་བཀྲོངས་པས། དགུང་ལོ་༨ལ་སོན་པའི་ཁྲི་སྲོང་ལྡེ་བཙན་རྒྱལ་པོའི་ཁྲི་ལ་མངའ་གསོལ། མ་ཞང་ཁྲོམ་པ་སྐྱེས་བློན་ཆེན་པོའི་གོ་སར་འཁོད།

མ་ཞང་ཁྲོམ་པ་སྐྱེས་ནི་བོན་ཆོས་ལ་དད་ཞེན་ཆེན་པོ་ཡོད་མཁན་ཞིག་ཡིན་པས། སྐབས་དེར་བོད་དུ་དར་འགོ་བརྩམས་མ་ཐག་པའི་སངས་རྒྱས་ཆོས་ལུགས་ལ་མིག་ནང་གི་ཚེར་མ་ལྟར་ཤིན་ཏུ་སྡང་པོ་ཡོད། དེ་བས་ཁོས་བཀའ་ཁྲིམས་རབ་དང་རིམ་པ་ཕབ་སྟེ་སངས་རྒྱས་ཆོས་ལུགས་དར་སྤེལ་བྱེད་མི་ཆོག་པ་བཟོས། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་རྒྱ་སྟག་ར་མོ་ཆེ་གཉིས་བཤས་ར་བྱེད་དུ་བཅུག་པ་དང་། འུན་ཤིང་ཀོང་ཇོས་བོད་དུ་གདན་དྲངས་པའི་ཛོབོ་ཤཱཀྱ་མུ་ནེའི་སྐུ་བལ་བོད་ས་མཚམས་ཀྱི་སྐྱིད་ལུང་དུ་བཙན་གྱིས་སྐྱེལ་དུ་བཅུག

 རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ནར་སོན་རྗེས། མེས་པོ་སྲོང་བཙན་དང་ཡབ་མེས་ཨག་ཚོམ་རྣམ་གཉིས་ཀྱིས་སངས་རྒྱས་བསྟན་པ་སྤེལ་བའི་མཛད་འཕྲིན་ལ་ཧ་ཅང་ཡི་རངས་པོ་བྱུང་། རྒྱལ་པོའི་བློན་གྱི་ཁྲོད་དུ་སང་ཤི་ཞེས་པའི་རྒྱའི་མི་རྒྱུད་ཡིན་པའི་བློན་ཆེན་རྒྱལ་པོར་བློ་དཀར་བ་ཞིག་ཡོད། རྗེ་བློན་གཉིས་ཀྱིས་རྒྱུན་པར་སངས་རྒྱས་བསྟན་པའི་དགེ་མཚན་གྱི་སྐོར་གླེང་མོལ་བྱེད་ཀྱི་ཡོད།
 ཕྱིས་སུ་ཁྲི་སྲོང་ལྡེ་བཙན་དང་ནང་བསྟན་ལ་དད་པའི་བློན་ཆེན་ཚོས་མཉམ་དུ་ནང་གྲོས་བྱས་ཤིང་། ཐབས་ལ་བརྟེན་ནས་མ་ཞང་ཁྲོམ་པ་སྐྱེས་སའི་འོག་ཏུ་བཅུག་པ་དང་། ཁོས་གཏན་ལ་ཕབ་པའི་ནང་བསྟན་འགོག་པའི་བཀའ་རྒྱ་རྣམས་མེད་པར་བཟོས། སྐྱིད་ལུང་ནས་ཤཱཀྱ་མུ་ནེའི་སྐུ་ཕྱིར་ལྷ་སའི་གཙུག་ལག་ཁང་དུ་གདན་དྲངས། རྒྱལ་པོས་སང་ཤི་དང་སྦ་གསལ་སྣང་གཉིས་ཐང་གུར་གྱི་རྒྱལ་ས་ཁྲང་ཨན་དུ་ནང་བསྟན་གྱིགཞུང་གདན་འདྲེན་པར་ཆེད་དུ་མངགས། ཐང་གི་རྒྱལ་པོ་རབ་ཏུ་དགའ་སྟེ་ནང་བསྟན་གྱི་གཞུང་མང་པོ་དང་ལྷན་དུ་དར་གོས་ཆིག་ཁྲི་ཡང་སྐྱེས་སུ་བསྐུར། དེར་མཐུད་ནས་ཁྲི་སྲོང་ལྡེ་བཙན་གྱིས་ཟ་ཧོར་གྱི་མཁན་ཆེན་བོ་ངྷི་ཏྭ་བོད་དུ་གདན་དྲངས་ཏེ་ལྷ་ས་དང་ལྷོ་ཁ་སོགས་སུ་ནང་བསྟན་སྤེལ་དུ་བཅུག
 བོད་ཆོས་ལ་དད་མོས་བྱེད་མཁན་སྤྱི་དང་། ཁྱད་པར་དུ་བོན་ཆོས་ལ་དད་པའི་རྒྱལ་པོའི་ནང་མི་དང་སྐུ་དྲག་ཚོས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བྱེད་སྟངས་འདི་དག་ལ་ངོ་རྒོལ་དྲག་པོ་བྱས། ཏག་ཏག་སྐབས་དེར་སེར་བས་འབྲུ་རེགས་བཅོམ་པ་དང་། ནད་ཡམས་གང་སར་ཁྱབ་པ་སོགས་རང་བྱུང་གི་གནོད་འཚེ་མང་དུ་བྱུང་བས། རེ་ཞིག་གི་རིང་ལ་བོད་ཡུལ་དུ་དཀྲོག་གཏམ་གྱིས་ཁྱབ་པར་གྱུར། དེ་ཡང་ཚང་མས་མཁན་ཆེན་བོ་ངྷི་ས་ཏྭ་ཡིས་བོད་ཡུལ་དུ་ཆོས་ལོག་སྤེལ་བས་བོད་ཀྱི་ལྷ་དང་གཞི་བདག་རྣམས་མ་དགའ་བར་གནོད་པ་བྱུང་བ་རེད་ཅེས་སྨྲ་བར་བྱེད། དེ་ལྟར་རྒྱལ་པོར་ཐབས་ཟད་དེ་མཁན་པོ་ཕྱིར་མི་སྐྱེལ་ཀ་མེད་བྱུང་། ཞལ་གྱེས་ཁར་མཁན་པོས་བོད་ཡུལ་དུ་ལྷ་འདྲེའི་མཐུ་ཆེ་བའི་རྐྱེན་གྱིས་ནང་བསྟན་སྤེལ་ཁག་པོ་འདུག འཛམ་བུ་གླིང་ན་མཐུ་དང་ནུས་པར་གཞན་གྱིས་འགྲན་ཡ་མེད་པའི་རྣལ་འབྱོར་བ་ཆེན་མོ་ཨོ་རྒྱན་པདྨ་འབྱུང་གནས་གདན་དྲངས་ཚེ་བོད་ཀྱི་ལྷ་འདྲེ་རྣམས་འདུལ་ཐུབ་ཅེས་རྒྱལ་པོར་གསུངས།
 ཅུང་མ་འགོར་བར་གནས་བབ་ཅུང་ཟད་ཞི་འཇགས་སུ་གྱུར། ཁྲི་སྲོང་ལྡེ་བཙན་གྱིས་ཡང་བསྐྱར་མཁན་ཆེན་བོ་བོ་ངྷི་ས་ཏྭ་དང་སློབ་དཔོན་པདྨ་འབྱུང་གནས་གཉིས་བོད་དུ་གདན་དྲངས་ནས་བསྟན་པ་སྤེལ་དུ་བཅུག མཁན་སློབ་གཉིས་དང་ནང་བསྟན་ལ་དད་པའི་བློན་ཆེན་ཚོས་རྒྱལ་པོར་གལ་སྲིད་བོད་དུ་ནང་བའི་བསྟན་པའི་རྩ་བ་ཚུགས་དགོས་ན་ངེས་པར་དུ་དགོན་སྡེ་འདེབས་པ་དང་། ནང་བའི་གཞུང་བོད་དུ་སྒྱུར་བ། རབ་བྱུང་གི་སྡེ་འཛུགས་པ་བཅས་བྱ་དགོས་ཞེས་སྨྲས། དོན་དེས་རྒྱལ་པོ་བྱེད་གཏད་དཀའ་བའི་གནས་སུ་བསྐྱལ། ཉིན་ཞིག་ཁོར་ཐབས་ཤིག་རྙེད་དེ་བློན་ཆེན་རྣམས་ཕོ་བྲང་དུ་བོས་ནས་བོད་ཀྱི་རྒྱལ་པོའི་ནང་ནས་ང་རང་ཁྱད་དུ་འཕགས་པས་ངས་ལག་རྗེས་ཆེན་པོ་ཞིག་འཇོག་དགོས་ཡོད། དེ་ཡང་?རྒྱུ་ཤེལ་ལས་གྲུབ་པའི་མཆོད་རྟེན་ཤར་རི་དང་མཉམ་པ་ཞིག་བརྩིག་གམ། ཡང་ན་ཞང་པོ་རྒྱའི་ཡུལ་མཐོང་བའི་མཁར་ཞིག་བརྩིག་གམ། ཡང་ན་ཧས་པོ་རི་ཟངས་ཀྱིས་འཐུམ་མམ། ཡང་ན་དཀའ་བཅུ་ཐང་ལ་ཁྲོན་པ་འདོམ་དགུ་བརྒྱ་དགུ་བཅུ་ཡོད་པ་འབྲུའམ། ཡང་ན་ཝ་ལུང་གྲོག་མོ་གསེར་ཕྱེས་འགེངས་སམ། ཡང་ན་གཙང་པོ་སྦུབས་སུ་འཇུག་གམ། ཡང་ན་དཀོན་མཆོག་གསུམ་གྱི་རྟེན་བཞུགས་པའི་ལྷ་ཁང་བྲེ་ཚད་ཙམ་ཞིག་བཞེང་ངམ། ཚང་མས་འདོམས་ཤིག་?ཅེས་གསུངས། བློན་ཆེན་ཚོས་རྩོད་གླེང་མང་དུ་བྱས་རྗེས་སྔོན་མ་དག་ཧ་ཅང་སྒྲུབ་དཀའ་བས་ལྷ་ཁང་བཞེང་རྒྱུར་གྲོས་ཁ་འཆམ།
 དེ་ནས་རྒྱལ་པོས་བསམ་ཡས་གཙུག་ལག་ཁང་བཞེང་རྒྱུའི་འཆར་འགོད་དང་ལྟ་གོན་བྱས། སྤྱི་ལོ་༧༦༣ནས་བཞེང་འགོ་བརྩམས་ནས་ལོ་༣གྱི་ནང་དུ་གྲུབ་པར་བྱས། གཙུག་ལག་ཁང་འདི་ནི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལས་བྱུང་བའི་འཇིག་རྟེན་ཆགས་ཚུལ་གཞིར་བྱས་ནས་བཞེངས་ཡོད། དབུས་ཀྱི་ལྷ་ཁང་གཙོ་བོར་ཐོག་སོ་རིམ་པ་གསུམ་ཡོད་ཅིང་། རིམ་པ་འོག་མ་ནི་བོད་ལུགས་ལྟར་རྡོ་བརྩིགས་ནས་བཞེངས་ཡོད་པ་དང་། ནང་རྟེན་གཙོ་བོ་ནི་རྡོ་ཡི་ཐུབ་པ་རང་བྱོན་ཡིན། བར་ཁང་ནི་རྒྱ་ནག་གི་ལུགས་ལྟར་གྱོ་མོག་གིས་བཞེངས་ཡོད་པ་དེའི་རྟེན་གཙོ་བོ་ནི་ལི་མའི་སངས་རྒྱས་རྣམ་པར་སྣང་མཛད་ཡིན། སྟེང་ཁང་རྒྱ་གར་གྱི་ལུགས་སུ་ཤིང་ལས་བཞེངས་པ་དེའི་རྟེན་གྱི་གཙོ་བོ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་འཇིམ་སྐུ་ཡིན། ཕྱོགས་བཞི་རུ་གླིང་བཞི་གླིང་ཕྲན་བརྒྱད་དང་ལྷ་ཁང་བཅུ་གཉིས་ཡོད། དེ་ལས་ལྷ་ཁང་གསུམ་ནི་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་གསུམ་གྱིས་བཞེངས་པ་རེད། དེ་ལྟར་བརྗིད་ཉམས་དཔེ་མེད་ཀྱི་དགོན་སྡེ་འདི་ལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་མཚན་དུ་གསོལ་ཏོ།།
 བསམ་ཡས་དགོན་པ་གྲུབ་རྗེས། རབ་གནས་ཀྱི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། མཛད་སྒོའི་སྟེང་དུ་ཉིན་མང་པོའི་རིང་ལ་གླུ་གར་དང་། རྩལ་རྩེད་སོགས་རྩེད་འཇོར་རོལ་ནས་དུས་འདའ་བར་མཛད་ཅིང་། བོད་ཀྱི་ལོ་རྒྱུས་སྟེང་དུ་གླེང་རིན་ཡོད་པའི་བརྗོད་གཞི་ཞིག་ཏུ་གྱུར་པ་རེད། སྐུ་དྲག་གི་བུ་ཕྲུག་༧གྱི་དབུ་སྐྲ་བསིལ་ནས་རབ་ཏུ་བྱུང་བར་སད་མི་བདུན་དུ་འབོད་ཅིང་དེ་དག་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་རབ་བྱུང་བའི་ཐོག་མ་རེད།
རྩོམ་པ་པོ། མི་གསལ།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

Menu