གྲུབ་ཆེན་ཐང་སྟོང་རྒྱལ་པོ། རྗེ་འདི་ཉིད་གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག་འོལ་བ་ལྷ་རྩེ་རིན་ཆེན་སྡིངས་གྲོང་དུ་ཞིང་པའི་ཁྱིམ་ཚང་ཞིག་ཏུ་ཡབ་རྡོ་རྗེ་རྒྱལ་མཚན་དང༌། ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ལྕགས་གླང་(སྤྱི་ལོ་1361)ལོར་སྐུ་འཁྲུངས།
ཐོག་མའི་མཚན་ལ་ཁྲོ་བོ་དཔལ་ལྡན་ཞེས་གསོལ། དགུང་ལོ་ལྔ་ལ་ར་ལུག་འཚོ་བར་ཕེབས། བྱིས་པའི་དུས་ནས་སྤྱང་གྲུང་འཛོམས་ལ་རིག་པ་རྣོ་བས་ཡབ་ཡུམ་གཉིས་ཀྱིས་དགོན་པ་བྱང་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཀློག་ཡིག་སློབ་པར་བསྐྱལ། བོད་ཡིག་དང་ལཉཚ། ཝརྟུ་སོགས་བརྡ་སྤྲོད་རིག་པའི་གནས་ལའང་མཁས་པར་གྱུར། སློབ་དཔོན་ཉི་མ་སེང་གེའི་དྲུང་དུ་རབ་ཏུ་བྱུང་ཞིང༌། མཚན་བརྩོན་འགྲུས་བཟང་པོར་གསོལ། མཁན་ཆེན་དེའི་དྲུང་ནས་དོན་ཡོད་ཞགས་པའི་སྒྲུབ་ཐབས་དང༌། རྒྱུད་ཀྱི་ལུང་སོགས་དང༌། ངམ་རིང་ཆོས་སྡེའི་མཁས་པ་བློ་གྲོས་རྡོ་རྗེ་དང༌། དཀོན་མཆོག་དར་ལས་རྣམ་འགྲེལ་དང་མངོན་རྟོགས་རྒྱན་སོགས་གསན་ཏེ་དཔལ་ལྡན་ས་སྐྱར་དཀའ་བཞིའི་གྲྭ་སྐོར་ལ་བྱོན། སྙན་གྲགས་དོན་གཉེར་མ་མཛད་པར་ངལ་བ་འཁུར་དུ་བཞེས་ནས་སྦྱང་བརྩོན་གནང་བས་བརྩོན་འགྲུས་སྨྱོན་པ་ཟེར་བའི་མཚན་དེ་དུས་བཏགས་པར་གྲགས། དེ་རྗེས་མདོ་སྟོད་སྐྱ་རའི་དགོན་པ་ན་བཞུགས་པ་བཀའ་ལྔ་བ་དཔལ་འབྱོར་ཤེས་རབ་ཀྱིས་མཁན་པོ་མཛད་དེ་ལས་སློབ་དད་པའི་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེད་རྫོགས་བཞེས་པའི་མཚན་བརྩོན་འགྲུས་བཟང་པོར་གསོལ། མཁས་དབང་དར་མ་དཔལ་བ་དང་ལྷ་གདོང་པ་བསོད་ནམས་མཆོག ཀུན་སྤངས་རིན་ཆེན་རྒྱལ་མཚན། རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་ལས་གསང་སྔགས་གསར་རྙིང་དང༌། ཆུའི་དཀའ་ཐུབ་ཀྱི་གདམས་པ་དང༌། མེ་དང་རླུང་གི་སྒོམ་ཐབས་སོགས་མན་ངག་དུ་མ་གསན་ནས་ལོ་མང་རིང་གཅིག་ཏུ་མ་ངེས་པའི་དབེན་གནས་སུ་སྒོམ་སྒྲུབ་ལ་གཞོལ། དེ་ནས་བལ་ཡུལ་དུ་ཕེབས་ནས་བྷ་རོ་མ་ནུ་དྷ་རས་གསེར་དངུལ་སོགས་ཆ་རྐྱེན་དུ་མཛད་ནས་འཕགས་པ་ཤིང་ཀུན་ལ་སྐུ་དཀར་གསོལ་ཞིང༌། བྱ་རུང་ཁ་ཤོར་ལ་ཉམས་གསོ་ལེགས་པོ་མཛད། ལོ་བཅོ་བརྒྱད་ཙང་རིང་བལ་ཡུལ་དང་རྒྱ་གར་ཕྱོགས་འབྱོན་བཞུད་ཀྱིས་རྡོ་རྗེ་གདན་དང༌། ཟངས་གླིང་སོགས་ལ་ཕེབས། གྲུབ་ཐོབ་མང་པོ་ལ་ཆོས་གསན། རྡོ་རྗེ་གདན་དང་ཉེ་བའི་གསང་བ་རྡོ་རྗེ་ཕུག་ཏུ་སྔགས་རྙིང་མའི་གྲུབ་ཐོབ་སྐལ་ལྡན་རྡོ་རྗེ་གྲགས་པ་ཞེས་པ་ལས་རྙིང་མའི་ཆོས་སྐོར་མ་ལུས་པ་གསན། ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས། སླར་བོད་ལ་ཕེབས་ནས་ཟབ་ཆོས་དེ་དག་གཏེར་དུ་སྦས། དེ་ནས་ཡུམ་རྒྱ་གར་ལྷ་མོ་འདས་པའི་གདུང་རུས་ལ་སངས་རྒྱས་བྱང་སེམས་མང་པོའི་ས་པར་བཏབ་ནས་མཆོད་རྟེན་བརྩེགས་པ་དང༌། གསུང་རྟེན་གསེར་བྲིས་ཀྱི་མདོ་སྡུད་པ། སྐུ་རྟེན་ལ་བྲིས་ཐང་བཞེངས་པ་བཅས་ནི་རྟེན་བཞེངས་ཀྱི་ཐོག་མ་ཡིན་གསུངས། རྗེ་འདི་ཉིད་ཀྱིས་རྗེ་བཙུན་རེ་མདའ་བ་དང༌། སླེ་ཁ་བ་ཤེས་རབ་བཟང་པོའི་དྲུང་ནས་གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་གྱི་དབང་དང་དུས་འཁོར་གྱི་དབང་སོགས་དང༌། གཞན་ཡང་སྐྱེས་བུ་དམ་པ་མང་པོའི་དྲུང་ནས་ཟབ་ཆོས་མཐའ་ཡས་པ་གསན་ཅིང༌། དབེན་གནས་རྣམས་སུ་དཀའ་ཐུབ། དུར་ཁྲོད་ལ་སོགས་པའི་གཉན་པའི་རི་ཁྲོད་དུ་མར་གསང་པའི་སྤྱོད་པས་འགྲོ་དོན་མཐའ་ཡས་པ་མཛད། ཐང་སྟོང་རྒྱལ་པའི་ཞེས་མཚན་ཐོག་ཚུལ་ནི༌། ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། སྟོང་ཉིད་རྟོགས་པའི་རྣལ་འབྱོར་བ། འཇིག་རྟེན་རྒྱལ་པོ་ལྟ་བུར་བཞུགས། དེ་ཕྱིར་ཐང་སྟོང་རྒྱལ་པོ་ཐོབ། ཅེས་གཙང་རྒྱལ་སྡེའི་ཐང་ཁར་བཞུགས་པའི་དུས་དེ་ནས་ཡོངས་གྲགས་སུ་གྱུར།
ཤར་མི་ཉག་པ།རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་ལྦེ་ཁེ་རིག་མཛོད་ནས་བཏུས།