གྲུབ་དབང་རྒྱལ་བ་རྫོགས་ཆེན་གཞིས་དགོན་ནི།
བོད་རབ་བྱུང ༡༡ པ་སྟེ་སྤྱི་ལོ ༡༦༨༥ ལོར་གྲུབ་ཐོབ་པདྨ་རིག་འཛིན་གྱིས་ཐོག་མར་ཕྱག་བཏབ་གནང་། དེ་ནས་སྐུ་རབས་བདུན་དང་རྗེས་འཇུག་རིམ་བྱོན་གྱིས་མཛད་ཕྲིན་བསྐྱང་ཏེ་བཤད་སྒྲུབ་ལས་གསུམ་གྱི་མཛད་བཟང་རྒྱ་ཆེ་ལ་རྒྱུན་རིང་།
རྒྱལ་ཕྱི་ནང་ཀུན་དུ་ཆོས་བརྒྱུད་འཛིན་པའི་དགོན་ལག་དང་ཆོས་ཚོགས་བརྒྱ་ཕྲག་བཞི་ལྷག་སྤེལ་ནས་སྤྱིར་རྒྱལ་བསྟན་སྤྱི་དང་བྱེ་བྲག་རང་ལུགས་ཕྱོགས་དུས་གང་སར་སྤེལ་ནས་སྔ་འགྱུར་བའི་གདན་ས་དྲུག་གི་ཡ་གྱལ་གྲུབ་དབང་རྫོགས་ཆེན་པ་ཞེས་མཚན་སྙན་གྲགས་པ་དཀར་པོ་ཕྱོགས་ཀྱི་ཐ་གྲུ་གང་སར་སྤེལ་བཞིན་པ་ལགས་སོ། །