སྟོང་ཆེན་འགྱུར་མེད་ཆོས་སྐུའི་གཞི་དབྱིངས་ནས། །ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །
གང་འདུལ་སྤྲུལ་བའི་རོལ་གར་མཚོ་སྐྱེས་རྗེ། །རིག་སྟོང་དོན་གྱི་གྲུབ་དབང་བླ་མར་གུས། །
རིས་མེད་མཁས་གྲུབ་བྱེ་བའི་ཁྱབ་བདག་རྗེ། །པདྨ་འོད་ཀྱི་ཞིང་ལ་མ་ཆགས་པར། །
བསྟན་དང་དེ་འཛིན་སྙིང་དབུས་ལ་བཅངས་ནས། །གང་འདུལ་སྤྲུལ་བའི་པད་མོ་མྱུར་བཞད་གསོལ། །
ཅེས་རིས་མེད་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་དམ་པ་༸གྲུབ་དབང་ལུང་རྟོགས་རྒྱལ་མཚན་ནི་བསྟན་པ་ལ་བྱས་རྗེས་ཆེ་ཞིང་ཆོས་ཉིད་དོན་གྱི་རང་ཞལ་མངོན་དུ་རྟོགས་པའི་གྲུབ་བརྙེས་ཀྱི་སྐྱེས་བུ་ཞིག་ཡིན་པ་ལྟར་ད་ཐེངས་རང་ཅག་བསོད་ནམས་དམན་ཕྱིར་རེ་ཞིག་གདུལ་བྱ་གཞན་དོན་དུ་ཕེབས་པའི་ཡིད་སྐྱོ་བའི་སྐབས་དེར་ཁྲིམས་ལྡན་སྡེ་སྣོད་འཛིན་པ་རྫོགས་ཆེན་ཤྲཱི་སེང་ཧའི་ལས་ཐོག་མཁན་པོ་མི་ཉག་པ་འཇམ་དཔལ་བསྟན་འཛིན་བརྒྱུད་གཞིས་ལུས་སློབ་བུ་རྣམས་ཀྱིས་མྱུར་འབྱོན་གསོལ་འདེབས་ཞིག་འབྲི་བསྐུལ་གནང་བ་བཞིན་གང་སྐུའི་སྤྲུལ་བའི་པདྨོ་གསར་ཏུ་བཞད་ནས་གོང་མའི་གདན་ས་གཙོས་རྒྱལ་བསྟན་སླར་ག?ོ་བྱེད་པའི་སྨོན་འདུན་ཤུགས་དྲག་དང་བཅས། འཕགས་ཡུལ་རྫོགས་ཆེན་དགོན་གྱི་རང་ཤག་ཏུ་སྤྱི་ལོ ༢༠༡༡ ཟླ་བ ༡༠ ཚེས་ ༥་ཉིན། རྫོགས་སྤྲུལ་བདུན་པ་འཇིགས་མེད་བློ་གསལ་དབང་པོའམ་བསྟན་འཛིན་འཇིགས་བྲལ་ལྷུན་པོ་ནས།།