སིལ་་་་་་་་་་་་་་་སིལ་་་་་་་སིལ་་་་་་་་་་་་་་ ཛ་དྲགས་ཆེ་ལ་བསྐུལ་འདེད་བཙན་པའི་དུས་ཚོད་ཀྱི་སྒྲ་དེས། ང་རྨི་ལམ་གྱི་འཇིག་རྟེན་ནས་བཙན་གྱིས་བསླངས་བྱུང་། ཛ་དྲགས་ཆེ་བའི་བསྐུལ་འདེད་ཀྱི་སྒྲ་དེ་ད་དུང་མུ་མཐུད་དུ་གྲགས་པས། གཉིད་དུ་ཡུར་བའི་ང་ལ་སྙིང་མགོར་ཁབ་ཙག་བྱས་པ་དང་མཚུངས་པས། རྨི་ལམ་གྱི་ཞིང་ཁམས་དེར་སླར་ལོག་མི་ཐུབ་པའི་ཁོ་ཐག་བཅད་སོང་། ང་མདང་དགོང་གི་འཆར་གཞི་ལ་བློ་འགྱོད་སྐྱེ་བཞིན་སིལ་སྒྲ་གྲགས་པའི་དུས་ཚོད་དེའི་སྐད་སྒོ་ཆར་ནས་མདུན་གྱི་ཀ་བ་འདི་ལ་རྒྱབ་སྟེ་ཧྲུག་ཆག་ཏུ་བཏང་ན་འདོད་དོ། །ཉལ་བ་གཉིད་དུ་མི་ཁུག་ཅིང་། ལང་བར་རང་ཉིད་མི་འདོད་པས ། ཉལ་ས་འདི་ནས་ཁ་ཕར་སློག་ཚུར་སློག་གི་ངང་དུ་ང་འདང་རྒྱག་གི་རྒྱ་མཚོར་ལྷུང་སོང་། ངས་སྔོན་ཆད་མི་ཚེ་འདིར་བདེ་སྡུག་ཅི་བྱུང་དང་དྲང་འཁྱོག་གི་མདུན་ལམ་སོགས་ཡོད་ཚད། འཇིག་རྟེན་པ་དག་གིས་རྒྱུན་དུ་གླེང་བའི་ལྐོག་གྱུར་གྱི་ལྷ་དང་དམིགས་མདུན་མེད་པའི་མགོ་སྟོང་ཚོས་བཤད་པའི་ལས་དབང་གི་རི་མོ་ཞིག་ལ་ལྷག་ཏུ་བཀུར། དེའི་ཕྱིར་དེ་དག་ནི་ངའི་སེམས་ལ་བྲེལ་བ་མེད་ཅིང་། མདང་དགོང་བཞིན་གཉིད་དུ་ཡུར་ཞིང་། ད་ནང་བཞིན་གཉིད་དུ་ཡུར་ན་འདོད། དེར་བརྟེན་བདེ་སྡུག་གི་རླབས་རིས་གང་མང་འཁྱིལ་ཟིན་པའི་འདས་དུས་ཀྱི་བགྲང་བྱ་མང་པོ་ཞིག་གི་རིང་དུ་རང་ལ་གལ་དུ་ཆེ་བའི་གཏན་བདེའི་བགོ་སྐལ་མང་པོ་ཞིག་ལག་གིས་ཤོར་ཟིན་པས་མ་ཚད། མི་ཚེའི་འཚོ་བའི་ཡང་རྩེ་བྱིས་གཞོན་གྱི་ལང་ཚོའི་འདབ་ལོ་ཡང་འཐོར་ལ་ཉེ་ནའང་། ངས་ད་ནང་དང་མདང་དགོང་བཞིན། མདུན་ནས་མདུན་དུ་གསལ་བའི་སྐྱ་རིང་གི་འོད་སྣང་དང་། རྗེས་ནས་རྗེས་སུ་བསྐྱུར་བའི་རྐང་རྗེས་ཀྱི་རི་མོ་ལ། གཏན་ནས་བསམ་གཞིག་དང་ཞིབ་འདང་མ་བརྒྱབ། ཡོད་ཚད་འཕྲོ་བརླག་དང་ཆུད་ཟོས་སུ་བཏང་། ངས་འདི་ལྟར་ཞིབ་ཏུ་བསམ་ནས་ངོ་མས་བཤད་ན། ངའི་མདུན་ལྗོངས་རིང་བའི་བགྲོད་ལམ་སྩོལ་མཁན་ནི་ངའི་རྣམ་དཔྱོད་ཀྱི་རྟ་ཕོ་ཡིན་ལ། ཤུལ་དུ་བསྐྱུར་བའི་རྐང་རྗེས་ཀྱི་མཛེས་རིས་སྤར་མཁན་ཡང་ངའི་སྙིང་སྟོབས་ལས་བྱུང་བའི་ལག་རྗེས་ཡིན་པས་ཡོད་ཚད་ཀྱི་ལས་དབང་སྐྱ་མོའི་གཟུགས་རིས་དེ་རང་ཉིད་ཀྱིས་གར་འཐེན་ཡིན་པར་འདུག་གོ། ངས་འདི་ལྟར་བསམ་ཞིང་བསམ་ཚེ། ང་མྱུར་དུ་མལ་ལས་ལངས་ན་འདོད་བྱུང་། དེ་ཡང་ཟུར་དྲུག་གི་འདབ་ལོའི་མཛེས་པའི་ཁ་བའི་མེ་ཏོག་ཆུང་ཆུང་དག་སིབ་སིབ་ཏུ་འཐོར་བའི་དྭངས་གཙང་གི་མཁའ་དབུགས་གསར་བའི་དེ་རིང་གི་ཞོགས་པའི་དུས་བཟང་འདི་མ་ཡོལ་བའི་སྔོན་དུ། ངས་སྤྲོ་སྣང་དང་ལྡན་པའི་གར་སྟབས་བསྒྱུར་ཏེ། རེ་སྒུགས་དང་ལྷག་བསམ་ལྡན་པའི་སྔོན་བཤེགས་ཀྱི་ཕ་མེས་དང་ཕྱི་རབས་ཀྱི་གངས་ཅན་པ་ཚོའི་ཁྱད་ནོར་དང་མ་འོངས་པའི་ང་གསར་བ་ཞིག་གི་ཆེད་དུ། ཡངས་ཤིང་མུ་མཐའ་བྲལ་བའི་མདུན་ཕྱོགས་ཀྱི་གནམ་འཕང་བཅད་ནས། སྒྱིད་ལུགས་དང་བག་འཁུམས་མེད་པར་མདུན་ནས་མདུན་དུ་ཆས་འགྲོ།
རྩོམ་པ་པོ། ཉག་ཕྲུག་བསྟན་པ་དར་རྒྱས།