ཁྱེའུ་རིག་འཛིན་ཆེན་མོ་དཔའ་བོ་ལས་རབ་རྩལ།

བཀླགས་གྲངས། 132

ཁྱེའུ་རིག་འཛིན་ཆེན་མོ་དཔའ་བོ་ལས་རབ་རྩལ་ནི།  མཚན་གཞན་རིག་རྩལ་ཐོགས་མེད་གླིང་པ།  ཞེས་ཀྱང་ཞུ། ཕྱི་ལོ་དུས་རབས་བཅོ་བརྒྱད་པའི་ནང་མདོ་དབུས་སྐོར་གསུམ་དུ་ཕྱེས་པའི་མདོ་སྨད་སྡེ་དགེའི་ཡུལ་གྱི་བྱེ་བྲག་ཆེ་ཡོ་ཞེས་པའི་འབྲོག་སྡེ་ཆེན་པོ་ཞིག་ཏུ་རིགས་རུས་མཐོ་ཞིང་བཙུན་པ་ཇིང་གིར་གནམ་གྱི་རྒྱལ་པོའི་རིགས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་ཡོས་༼༡༧༣༥༽ལོར་འཁྲུངས། སྐུ་བྱིས་པའི་དུས་ནས་སྔོན་གནས་རྗེས་སུ་དྲན། ཡི་གེ་འབྲི་ཀློག་སོགས་སློབ་གཉེར་མ་དགོས་པར་མཁྱེན། དགུང་ལོ་བདུན་གྱི་དུས་གཏེར་སྟོན་རཏྣ་གླིང་པ་ཡིན་པར་སྐྱེ་བ་དྲན་ཅིང་གཏེར་གྱི་བརྡ་ཡིག་ཀློག་པ་དང་། ཆོས་འཆད་ཤེས། དགུང་ལོ་བཅུ་ནས་ཉི་སྤྲུལ་རིན་པོ་ཆེས་རྗེས་སུ་བཟུང་། སྲིང་རྫོང་འོད་གསལ་སྒྲུབ་སྡེར་ཕེབས། ཉི་སྤྲུལ་རིན་པོ་ཆེས་བཀའ་ཆོས་ཐམས་ཅད་བུམ་པ་གང་བྱོས་ཚུལ་དུ་བསྩལ། སྲིང་རྫོང་དུ་བཞུགས་སྐབས་རང་ཡུལ་ནས་བླ་རྒན་ཆོས་མཆོག་འདས་པ་མངོན་སུམ་དུ་གཟིགས་དེ་ལྟ་བུའི་དགོངས་པ་མང་དུ་བྱུང་། དེ་སྐབས་སྤྱན་རས་གཟིགས་ཀྱིས་དགེ་བསྙེན་ཞི་བའི་གོ་ཆ་དང་། རྡོ་བོད་མཚམས་སུ་བོ་དྷི་རཱ་ཛ་དང་། གུ་རུ་ཆོས་དབང་གི་སྲས་པདྨ་དབང་ཆེན་ཡིན་ཚུལ་སོགས་བྱུང་། རྗེ་ཉིད་ཀྱི་གཏེར་ལུང་ལས་ལང་གྲོ་ལོ་ཙཱ་ཡིན་ཚུལ་དང་གཏེར་གྱི་ཁ་བྱང་ཡང་ཕྱག་ཏུ་སོན། དེ་ནས་རང་ཡུལ་དུ་ཕེབས་པས་ཐོ་བཙམས་པ་དག་ལ་སྲུང་མ་རྣམས་བསྐུལ་ཏེ་མངོན་སྤྱོད་ཀྱིས་བསྒྲལ། སླར་ཡང་སྲིང་རྫོང་དུ་ཕེབས་ནས་བཀའ་འགྱུར་གྱིས་མཚོན་པའི་འབུལ་ཆེན་མཛད་ནས་ཕྱིར་ཕེབས། སླར་ཉི་སྤྲུལ་རིན་པོ་ཆེ་མདོ་སྨད་ཕྱོགས་ལ་ཕེབས་པ་ནས་ཞབས་པད་མཉེས་པ་གསུམ་གྱིས་མཆོད་ནས་བཀའ་ཆོས་བསམ་གྱིས་མི་ཁྱབ་པ་གསན། རྗེ་དེ་ཉིད་ཀྱིས་ཀྱང་དོན་གྱིས་རྒྱལ་ཚབ་ཏུ་དབང་བསྐུར་ཞིང་དོན་རྒྱུད་སྙིང་པོའི་བསྟན་པ་གཏད་པར་མཛད། དེ་ནས་མཚོ་སྔོན་ཕྱོགས་སུ་ཕེབས། དེ་དུས་དམ་ཅན་རྡོ་རྗེ་ལེགས་པས་ཀརྨ་པ་རང་བྱུང་རྡོ་རྗེ་ཡིན་ཟེར་བ་དང་། དམ་ཅན་པུ་ཏྲས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡིན་ཚུལ་ལུང་བསྟན་བྱུང་། དད་ལྡན་འགའ་ལ་རྫོགས་ཆེན་གྱི་ཁྲིད་གནང་བས་ངོ་མཚར་དུ་མ་དང་། མཚོ་སྔོན་པོ་ནས་ཡིད་བཞིན་ནོར་བུ་ཞིག་གཏེར་ནས་བཞེས། རང་ཡུལ་དུ་ཕེབས་ནས་ཕུར་སྒྲུབ་མཛད་པས་ཕུར་པ་རྣམས་ཁྲབ་པ་དང་ལྡིང་བ་སོགས་དང་ཕུར་པ་ཆུང་བ་འགའ་རི་རྩེ་རྣམས་སུ་འཕུར་བ་དང་ཕུར་གཏོར་ལས་མེ་འབར་བ་སོགས་བྱུང་། སྙིགས་དུས་ཀྱི་རྒྱ་འདྲེ་འགོང་པོས་ཚ་དབལ་གཅོག་བྱེད་ཁྲོ་རྒྱལ་ཡཀྴ་མེ་དབལ་གྱི་ཆོས་སྐོར་ཞིག་དངོས་སུ་ཕྱག་ཏུ་བབས། སྐྱེ་བདུན་མྱོང་གྲོལ་གྱི་སྒྲུབ་ཆེན་འཛུགས་པའི་དུས་ཐམས་ཅད་དུ་རིལ་བུ་འཕུར་བ་དང་དྲི་བཟང་འཐུལ་བ་སོགས་གཞན་འགྲན་མེད་པར་བྱུང་། ཉི་སྤྲུལ་སྐུ་རིན་པོ་ཆེ་སྐུ་གཤེགས་ནས་ཀྱང་ཡེ་ཤེས་ཀྱི་སྐུས་ལན་དུ་མར་རྗེས་སུ་བཟུང་ཞིང་ལུང་བསྟན་གདམས་པ་བསྩལ་བ་སོགས་བྱུང་། ཟླ་བའི་སྦམ་ཆེན་ལུང་པ་ནས་གནོན་བྱ་འདྲེ་བདུད་ཀྱི་བླ་རྡོ་དང་། གནོན་བྱེད་གུ་རུའི་ཞབས་རྗེས་རྣམས་ཕྱག་ཏུ་སོན། དེ་ཙམ་ནས་ས་སྐྱ་གོང་མ་རིན་པོ་ཆེ་ངག་དབང་ཀུན་དགའ་བློ་གྲོས་ ཀྱིས་གསུང་གིས་བསྐུལ་ནས་སྡེ་དགེ་ས་དབང་བཟང་པོ་དང་རྗེ་བཙུན་དབྱངས་ཅན་སྒྲོལ་མས་སྡེ་དགེ་རྒྱལ་ཁབ་ཆེན་པོར་གདན་དྲངས་ཏེ་སྡེ་དགེ་རྒྱལ་པོའི་དབུ་བླར་བཀུར། བདུད་འདུལ་ལྷ་ཁང་དུ་འདྲེ་བདུད་ཀྱི་བླ་རྡོ་མནན་པའི་སྟེང་ནས་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཞབས་རྗེས་ཀྱིས་མནན། དེའི་སྟེང་དུ་གུ་རུ་སྣང་སྲིད་ཟིལ་གནོན་སྐུ་ཐོག་ཚད་མ་གཅིག་བཞེངས་ནས་རབ་ཏུ་གནས་པ་སོགས་ལུང་དོན་བཞིན་འགྲུབ་པས་མི་ལོ་ཉི་ཤུ་ཚུན་ལ་མཐའ་མིའི་གནོད་པ་མི་འབྱུང་བར་ཞལ་གྱིས་བཞེས། དག་པའི་སྣང་བར་རྔ་ཡབ་དཔལ་རིར་གཤེགས་པས་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་གཤིན་རྗེ་གཤེད་ཀྱི་སྐུར་བཞེངས་ནས་དབང་བསྐུར་ཞིང་། གཤིན་རྗེ་གཤེད་དམར་ཡི་དམ་དུ་སྩལ། ཟབ་གཏེར་དང་དག་སྣང་ཟུང་དུ་འབྲེལ་བའི་གདམས་ཟབ་མང་པོ་ཡི་གེར་འགོད་པར་མཛད་ཅིང་། ས་སྐྱོང་མིའི་བདག་པོའི་བསྟན་སྲིད་ཀྱི་རིམ་གྲོ་འཕྲིན་ལས་བཞི་གང་ལ་གང་འཚམས་ཀྱིས་དུས་ཀུན་ཏུ་བསྒྲུབ་པར་མཛད་པས་ཐུབ་བསྟན་ནོར་བུ་གླིང་གི་དགོན་པ་རྟེན་བརྟེན་པ་དང་བཅས་གསར་འདེབས་གནང་ནས་དགེ་འདུན་འདུ་བའི་སྒོ་སྦྱར་བ་སོགས་མཛད་ནས་བདག་རྐྱེན་ཚད་མེད་པའི་སྲི་ཞུ་ཕུལ། སྡེ་དགེ་ས་སྐྱོང་དབང་མོར་སྲིད་སྤེལ་གྱི་ཟ་ཡིག་བསྲེགས་ཐལ་ཕུལ་བར་བདུད་རྩིའི་བཅུད་དུ་འཁྱིལ་བའི་དགེ་མཚན་མངོན་དུ་གྱུར། འདི་སྐབས་ས་སྐྱོང་ཆེན་མོའི་རྒྱལ་བུར་བླ་བསླུ་མཛད་པས་མར་གྱི་བླ་ལུག་ལ་བལ་དངོས་སུ་སྐྱེ་བ་བྱུང་། སླར་ཡང་བོད་ཡུལ་དབུས་ལྗོངས་སུ་བྱོན། ཤཱཀྱ་མུ་ནེའི་ཐུགས་ཀ་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་ཞིག་ཕྱག་ཏུ་བབས། བསམ་ཡས་མཆིམས་ཕུར་རྩ་གསུམ་སྒྲུབ་པའི་གདམས་སྐོར་སོགས་དགོངས་གཏེར་དུ་བབས། སྲིང་མོ་རྫོང་ཕུག་ནག་བདེ་བ་ཆེན་པོ་ནས་ཨ་མྲྀཏ་དང་། དབུ་རུ་སྟོང་ཏི་སྒྲོ་བྲག་ནས་རཏྣ་གླིང་པས་ཡང་གཏེར་སྦས་པའི་གུ་རུའི་སྐུ་ཚབ་པདྨ་གུ་རུ་སོགས་སྤྱན་དྲངས། འདམ་རྒྱལ་ཆེན་བཅོ་བརྒྱད་སོགས་དམ་ལ་བཏགས་ནས་རང་གནས་སུ་ཕེབས། སྔ་ཕྱི་ཀུན་ཏུ་ས་གནད་གསོ་བ་དང་ས་དམིགས་གཟེར་གང་ཆེ་རྣམས་སུ་དམ་སྲི་འགོང་པོ་མནན་པའི་ལས་ལ་སྦྱར་བའང་མང་དུ་མཛད་ཅིང་། ཁྱད་པར་དུ་གཞི་བདག་དཀར་ཕྱོགས་སྐྱོང་བ་རྣམས་ལ་དམ་ཚིག་བསྒྲགས་ཤིང་བསྟན་འགྲོའི་ཕན་བདེ་སྒྲུབ་པའི་གཉེར་གཏད་ཅིང་གཟེངས་བསྟོད་པ་དང་ནག་ཕྱོགས་འབྱུང་པོ་རྣམས་བཀའ་ནན་རབ་ལྗིད་ཀྱིས་ཟིལ་གྱིས་མནན་ནས་དམ་ལ་བཏགས། རྒྱ་འདྲེ་དམ་སྲིའི་རིགས་རྣམས་གནས་ནས་སྐྲད་པ་སོགས་ཀྱི་ཕྱིར་མེ་ལུག་ཕྱི་ལོ་ ༡༧༨༧ བོད་ཟླ་ལྔ་པ་ནས་རི་འགྲིམས་མཛད་ནས་རྒ་སྟོད་ཚུན་ཞབས་ཀྱིས་བཅགས་ནས་བསྟན་འགྲོའི་བདེ་ཐབས་མང་དུ་བསྒྲུབས། སྐབས་དེ་ཙམ་ནས་རྗེ་འདིས་བླ་ཆེན་འབྱོར་ལྡན་ཇི་སྙེད་ཀྱི་ཐུགས་མཚོར་ནམ་ཡང་ཤར་མ་མྱོང་བའི་ཐུགས་བསྐྱེད་ཀྱི་ལྷག་བསམ་ཟླ་བ་ཚེས་པ་ལྟ་བུ། སྤྱིར་གསང་ཆེན་སྔ་འགྱུར་འདི་ཀུན་མཁྱེན་ཉི་མའི་གཉེན་གྱིས་བསྟན་པ་ཐམས་ཅད་ཀྱི་ཉིང་ཁུ་ཡིན་ཡང་། གསར་ལུགས་རྣམས་རང་ཕྱོགས་འདེགས་པའི་དབང་ཆ་རྟག་ཆོད་ཀྱིས་རྙིང་རྒྱུད་རྣམས་དབྱེན་བཅོས་ཏེ་མ་བུ་སོ་སོར་ཡ་བྲལ་བ་ལྟར་གྱུར་པས་དཔེ་རྒྱུན་རྣམས་དཀོན་པ་དང། རྒྱུན་ཡོད་པ་རྣམས་ཀྱང་ཚང་མིན་སྣ་ཚོགས་ཡི་གེ་དག་པོ་མི་འོང་བར་འདུག་པ་སོགས་ལ་གཟིགས་ནས། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་གཅེས་སྤྲས་སུ་བྱ་བ་དང་། ཡང་སྒོས་སྔ་འགྱུར་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཚུལ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་རྒྱས་སུ་འབྱུང་བའི་སླད་དུ། དངུལ་སྲང་སྟོང་ཕྲག་ལྷག་པའི་དངོས་རྫས་གསེར་དངུལ་རྟ་ནོར་སོགས་རྩལ་སྤྲུགས་སུ། ལྷ་ལྕམ་ངང་འབྱུང་རྒྱལ་མོའི་རྣམ་འཕྲུལ་སྡེ་དགེ་དཔོན་མོ་ཚེ་དབང་ལྷ་མོ་ལ་ཕུལ་ནས་རྙིང་མའི་རྒྱུད་འབུམ་རིན་པོ་ཆེ་པར་དུ་བརྐོ་དགོས་ཚུལ་བཀའ་ནན་ཟློག་ཏུ་མེད་པས་ནན་ཞུ་ཕུལ་བ་བཞིན། ས་སྐྱོང་དབང་མོ་ཡང་དགྱེས་བཞིན་དུ་གནང་ནས། རབ་བྱུང་བཅུ་གསུམ་པའི་ཤིང་སྟག་ ༡༧༩༤ ལོའི་བོད་ཟླ་ ༢ ཚེས ༣ ནས་མགོ་བརྩམས་ཏེ་ཐོག་མཐའ་བར་གསུམ་གྱི་བྱ་བ་མཐའ་དག་ས་རྟའི་ ༡༧༩༨ བར་སྔ་ཕྱི་ལོ་ངོ་ལྔར་བསྒྲུབས་པས་ལེགས་གྲུབ་མཛད་དེ་གསང་ཆེན་བསྟན་པའི་ཞབས་འདེགས་འགྲན་ཟླ་དང་བྲལ་བ་མཛད། 

གཞན་ཡང་རྗེ་ཉིད་ཀྱི་དགོངས་གཏེར་སྐོར་རྣམས་འདབ་གཏེར་དུ་བཞུགས་པར་དགོངས་པའི་ཚེ་ས་སྐྱོང་དབང་མོ་འདི་ཉིད་ཀྱི་སྲི་ཞུ་དང་བཅས་ཐུགས་སྣ་བསྲིངས་དགོས་ཚུལ་གསོལ་བ་བཏབ་པ་བཞིན་གནང་ནས་ལུང་ཟིན་ཆོས་ཀྱི་བདག་པོ་རྣམས་ལ་རྒྱ་ཆེར་སྤེལ་བར་མཛད་པ་ཡིན་ནོ། །ཡང་གཏེར་སྟོན་འདིས་གཏེར་ནས་བཏོན་པའི་ནད་བརྒྱ་སྔགས་གཅིག་གི་སྐོར་ཞེས་པ་དེའི་མཇུག་བྱང་དུ། འཇམ་དབྱངས་མི་ཕམ་རྣམ་རྒྱལ་གྱིས་ཞེས་པ་འདི་ནི་སྤྲུལ་པའི་གཏེར་སྟོན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གཏེར་ཁ་ལས་བྱུང་བ་ལགས་ཏེ། གཞན་རྡོ་རྗེ་གླིང་པ་སོགས་ཀྱི་གཏེར་ཁ་དུ་མ་ནས་བྱུང་བ་རྣམས་ཚིག་མང་ཉུང་ཅི་རིགས་སུ་འདུག་ཀྱང་དོན་གཅིག་པར་བྱོན་པ་ལས། འདིར་ལས་རབ་རྩལ་གྱི་གཏེར་མ་འདི་ཚིག་དོན་ལེགས་འདུས་སུ་འདུག་པས་དེ་ཉིད་གཙང་མར་བཀོད་པའོ། །ཞེས་གསུངས་པས་གཏེར་སྟོན་འདི་བའི་གཏེར་ཡིག་རྣམས་ཀུན་གྱིས་ཚད་འཛིན་གནང་ས་ཞིག་ཀྱང་ཡིན་པར་ངེས།  གཞན་ཡང་ངོ་མཚར་བའི་མཛད་པ་མཐའ་ཡས་པ་ཡོད་ཀྱང་ཞིབ་པ་རྣམ་ཐར་ལས་ཤེས་པར་བྱའོ།  །དེ་ལྟར་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེར་མཛད་ནས་རེ་ཞིག་གདུལ་བྱའི་ཡུལ་དེ་ཙམ་དུ་གཟིགས་ནས་ཆོས་དབྱིངས་བདེ་བ་ཆེན་པོའི་རང་བཞིན་དུ་གཤེགས། །

སྐུ་ཕྲེང་གཉིས་པ་ཁྱེའུ་རིག་འཛིན་ཆེན་མོ་འགྲོ་འདུལ་འཕྲིན་ལས་རྡོ་རྗེ། སྐུ་ཕྲེང་གསུམ་པ་ཁྱེའུ་རིག་འཛིན་ཆེན་མོ་ནམ་མཁའ་དྲི་མེད་དཔལ། སྐུ་ཕྲེང་བཞི་པ་ཁྱེའུ་རིག་འཛིན་ཆེན་མོ་ཐུབ་བསྟན་འཕྲིན་ལས་ནོར་བུ། སྐུ་ཕྲེང་ལྔ་པ་ཁྱེའུ་རིག་འཛིན་ཆེན་མོ་རིག་འཛིན་ཆོས་ཀྱི་དབང་ཕྱུག་འཕྲིན་ལས་རབ་རྒྱས་བཅས་ད་ལྟའི་བར་སྐུ་རབས་ལྔ་ཙམ་བྱོན་ཟིན་པ་དེ་དག་གི་རྣམ་ཐར་ལོ་རྒྱུས་སྐོར། སྐུ་རབས་བཞི་པ་ཁྱེའུ་རིག་འཛིན་ཆེན་མོ་ཐུབ་བསྟན་འཕྲིན་ལས་ནོར་བུ་དང་། ལྔ་པ་ད་ལྟར་འཚོ་ཞིང་བཞུགས་པ་ཁྱེའུ་རིག་འཛིན་ཆེན་མོ་རིག་འཛིན་ཆོས་ཀྱི་དབང་ཕྱུག་འཕྲིན་ལས་རབ་རྒྱས་མཆོག་ཟུང་ལས་གཞན་རྣམས་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་འདིར་མ་འཁོད་དོ། ། ཞེས་པ་ཙམ་ལས་རྣམ་ཐར་གྱི་ས་བོན་མ་རྙེད། རྗེས་ནས་རྙེད་སོན་བྱུང་ན་མཚམས་འདིར་འགོད་དགོས།

 

 

སྐུ་ཕྲེང་བཞི་པ་ཁྱེའུ་རིག་འཛིན་ཆེན་མོ་ཐུབ་བསྟན་འཕྲིན་ལས་ནོར་བུ།

 

ཁྱེའུ་རིག་འཛིན་ཆེན་པོ་སྐུ་ཕྲེང་བཞི་པ་ཐུབ་བསྟན་འཕྲིན་ལས་ནོར་བུ་ནི། མགོ་ལོག་ཨར་ཀྱང་གོང་མ་ཤ་ཚང་བདེ་པ་ཡབ་མཆོག་ཚང་ནོར་རྒྱས་དང་། མ་ཡུམ་ཉི་མ་ལོ་ལོ་གཉིས་ཀྱི་སྲས་སུ་འཁྲུངས། ཁོང་གི་ཞབས་ཞུ་བ་པད་ཚེ་ལོ་མ་༼ཐུབ་བསྟན་གཟའ་རོ་༽གཉིས་ཀྱིས་གདན་དྲངས་ནས། རིན་པོ་ཆེ་དགུང་ལོ་བཅོ་བརྒྱད་ཡན་མན་ལ་མགོ་ལོག་ཏུ་བྲོས། དགེ་གཟའ་མ་ཟེར་བའི་གསང་ཡུམ་ཞིག་བཞེས། དེ་རྗེས་དགེ་རྩེ་དཔལ་མགོན་གྱི་སྲས་མོ་དགེ་རྩེ་འབྲུག་གྲགས་ཀྱི་བུ་མོ་རྒྱ་ཇོ་ཟེར་བ་ཞིག་ཀྱང་གསང་ཡུམ་དུ་བསུས་ཏེ། སྲས་གཉིས་བྱུང་བའི་ཆེ་བར་སྲས་རྡོ་པ་ཞེས་ཞུ། ཡ་མཚན་ཅན་ཞིག་ཡོད་ཀྱང་རིག་གནས་གསར་བརྗེའི་སྐབས་འདས་གྲོངས་སུ་སོང། ཆུང་བ་ཆོས་ཉིད་དོན་རྟོགས་ནི་རྒྱལ་རོང་ནམ་ལྷུན་གྱི་ཡང་སྤྲུལ་ཡིན། འཁྲུངས་སྐབས་གསང་ཡུམ་ལ་མེ་མདའ་ཐེབས་ཏེ་གསང་ཡུམ་ཡང་འདི་ཉིད་ལ་གནོད་སྐྱོན་མ་བྱུང་བར་ད་ལྟར་ཡང་སྐུ་འཚོ་ཞིང་བཞུགས།  རྫོགས་ཆེན་རིན་དགེན་མ་ཐུབ་བསྟན་ཆོས་རྡོར་ནས་ཁྱེའུ་རིག་འཛིན་ཆེན་མོ་སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་།  མཚན་ལ་ཐུབ་བསྟན་འཕྲིན་ལས་ནོར་བུ་ཞེས་གསོལ། དཔལ་ལྡན་ས་སྐྱ་བའི་ཕུན་ཚོགས་ཕོ་བྲང་པ་འཇིག་བྲལ་བདག་ཆེན་མཆོག་སྒ་སྐྱེ་རྒུར་ཕེབས་དུས། ཁྱེའུ་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་སྐུ་དངོས་ཀྱི་རྣམ་པར་མཇལ་བར་མ་ཟད། མཎྜལ་རྟེན་གསུམ་ཡང་འབུལ་གནང་མཛད་ཚུལ་དུས་ཕྱིས་ཕུན་ཚོགས་ཕོ་བྲང་པ་སྐུ་དངོས་ཀྱིས་གསུངས། ནོར་གླིང་དགོན་གྱི་གཡས་ཕྱོགས་གསང་སྔགས་ཆོས་གླིང་ཞེས་པའི་ལུང་པ་དེར་ཡོད་པའི་གནས་མཆོག་གུ་རུའི་ལྷ་ཁང་གྲགས་པའི་མཚམས་ཁང་དུ་སྐུ་མཚམས་ལ་བཞུགས་ནས་རྩེ་གཅིག་སྒྲུབ་པ་ཉམས་ལེན་མཛད་པས་གྲུབ་པའི་གོ་འཕང་མཐོན་པོར་སླེབས་པ་དང་ལྷ་འདྲེ་བྲན་དུ་ཁོལ་བ། མངོན་ཤེས་དང་རྫུ་འཕྲུལ་ཐོགས་མེད་དུ་བརྡོལ་བའི་ངག་རྒྱུན་ཤིན་ཏུ་མང་།

ཁོང་དང་སྨིན་གླིང་ཁྲི་ཆེན་མཉམ་དུ་བཀའ་བརྒྱད་ཀྱི་སྐུ་མཚམས་བཞུགས། སྤྱི་ལོ་ ༡༩༥༤ ལོར་གུང་ཁྲན་གྱིས་དང་པོ་བསླུ་བྲིད་བྱས་ནས་ཆབ་སྲིད་ཨུ་ཡོན་གཞོན་པར་བསྐོ་བཞག་བྱས། སྐབས་དེར་གུང་ཁྲན་གྱིས་དམངས་གཙོ་བཅོས་བསྒྱུར་གྱི་ལས་འགུལ་འགོ་འཛུགས་བྱ་རྩིས་ཐོག དགོན་པ་གྲྭ་ཚང་དང་བླ་སྤྲུལ་དགེ་བཤེས་རྩ་མེད་གཏོང་རྒྱུའི་ཇུས་ངན་ལ་ཁས་ལེན་རྩ་ནས་མ་གནང་བས། གློ་བུར་དུ་འཛིན་བཟུང་གིས་བཙོན་ཁང་དུ་བཅུག འབའ་ལའི་ཁ་བདེ་ཟེར་བའི་བུད་མེད་རྫ་ཆུ་ཁ་རྫོང་གི་བུད་མེད་ཀྲུའུ་རིན་རྒན་པ་ཡིན་ཞིང། ཁོང་དང་རིན་པོ་ཆེའི་བར་སྔ་ས་ནས་གསང་བའི་འབྲེལ་བ་ཡོད་པ་མ་ཟད་ཕྲུ་གུའི་མིང་ལ་རིག་འཛིན་དབང་མོ་ཟེར་ཡང་གྲགས་མི་ཆེ་ལ་རྒྱུན་ལྡན་ཤའོ་ལེང་ཟེར་བའི་བུ་མོ་ཞིག་ཀྱང་ཡོད་པས། ཁོ་མོས་བླ་མ་ལ་ས་གནས་ཉེན་རྟོག་པས་རིང་མིན་སྐུ་ཉིད་སྐྲོང་འཆར་ཡོད་པས་བྲོས་ཐབས་དགོས་པའི་གསང་བརྡ་འབྱོར།  སྐབས་དེར་དགེ་རྩེ་ཨ་རིག་རྫ་བའི་མི་ཁ་ཤས་ཤིག་སླེབས་ནས་རྫ་ཆུ་ཁ་རྫོང་ལ་བླ་མ་འདི་ཉིད་ཀྱི་མདུན་དུ་ཐུག་ཙམ་ཆོག་པའི་ཆོག་མཆན་ཞུས་པ་ལྟར་བཀའ་ཁྲོལ་ཐོབ་པས། ཁོ་ཚོས་བཙོན་དུ་མུ་མཐུད་ནས་བཞུགས་ན་སྲོག་ཉེན་ཡོད་པས་བྲོས་ཐབས་དགོས་ཚུལ་ཞུས་དོན་བཞིན་དེ་ནུབ་བཙོན་ཁང་གཏོར་ནས་བྲོས་བྱོལ་ལ་ཕེབས། ཟླ་བ་གཉིས་ལྷག་རིང་དགྲ་བོ་དང་དམར་འཛིང་དྲག་པོ་བྱུང།

རིག་གནས་གསར་བརྗེའི་སྐབས་ཁྱེའུ་རིག་འཛིན་ཆེན་མོའི་སྐུ་རབས་གོང་མ་༼སྐུ་ཕྲེང་གསུམ་པ་༽ཁྱེའུ་རིག་འཛིན་ཆེན་མོ་ནམ་མཁའ་དྲི་མེད་དཔལ་སྐུ་དམར་གདུང་དུ་བཞུགས་ཡོད་པ་དེ་ཉིད། ཞབས་ཞུ་བ་ཐུབ་བསྟན་དང་པད་ཚེ་གཉིས་ཀྱིས་མཚན་མོར་ལྐོག་ཏུ་གདན་དྲངས་ནས་འགྲོ་སྐབས་རྒྱ་མིས་བཟུང་། བཙན་པོ་དབང་ཡོད་ཀྱིས་པུར་སྒམ་ཁ་ཕྱེས་ནས་སྐུ་གདུང་ཕྱི་ལ་བཏོན་རྗེས་ཁྱི་ལ་སྟེར་ཤུལ་ཕྱག་ལག་ཙམ་ཞིག་ལུས་ཡོད་པ་དེ་ཉིད། དུས་ཕྱིས་སྲིད་ཇུས་གུ་ཡངས་བྱུང་སྐབས་ནང་རྟེན་དུ་བྱས་ནས་གསེར་གདུང་བཞེངས་པ་ད་ལྟར་གཞིས་དགོན་ནོར་གླིང་དུ་ཡོད། ༡༩༦༦ ལོར་དགེ་རྩེ་ཨ་རིག་གི་ས་ཆ་སྒོའམ་གཡག་སྙིང་དུ་གྲགས་པ་དེར་ཁོང་གི་རྗེས་སུ་རང་འགུལ་གྱིས་འོངས་པའི་དད་ལྡན་བོད་རིགས་སྟོང་ཕྲག་མང་པོ་དང་མཉམ་དུ་དགྲ་བོའི་མེ་མདའི་ཁར་ཞི་བར་གཤེགས། 

གུ་བཀྲའི་ཆོས་འབྱུང་ལས། ཤར་མི་ཉག་པ། འཇམ་དཔལ་བསྟན་འཛིན་ནས་སྤེལ།

Menu