ཧོར་བླ་གཞན་ཕན་བཟང་པོ་ནི།

བཀླགས་གྲངས། 47

ཡབ་རྒུ་པེས་ཚེ་རིང་ནོར་བུ་དང་། ཡུམ་ཧོར་བཟའ་མདོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ་༼༡༨༦༠ ༡༩༠༣༽ཧོར་ཟླ་དང་པོའི་གནམ་སྟོང་ཉིན་དེམ་ཁོག་ཏུ་སྐུ་བལྟམས།

གནམ་མཚོ་སྤྲུལ་སྐུ་འགྱུར་མེད་བྱང་ཆུབ་རྡོ་རྗེས་ཡི་གེ་འབྲི་ཀློག་སོགས་ཀྱི་སློབ་དཔོན་མཛད། གཡུ་ཁོག་རྒྱ་སྤྲུལ་ལས་གཏེར་གསར་ཡོངས་རྫོགས་གསན། ཡོངས་འཛིན་དཀོན་མཆོག་ཚུལ་ཁྲིམས་ལས་སྒྲ་གསན། གཏེར་ཆེན་བདུད་འཇོམས་གླིང་པ། རིག་འཛིན་ལུང་རིག་གླིང་པ། རྒྱལ་རོང་གཏེར་རྒོད་གསང་སྔགས་གླིང་པ་དང་། དབང་ཆེན་སྔགས་བདག་གླིང་པ། ཨ་སིག་གཏེར་སྟོན་པདྨ་དྲག་རྩལ་གླིང་པ། གྲྭ་མདའ་གཏེར་སྟོན་ཨོ་རྒྱན་མཁའ་སྤྱོད་གླིང་པ། རྒྱ་ལྷ་མོ་ཚེ་རིང་ངམ་རིག་འཛིན་ལྷུན་གྲུབ་གླིང་པ་བཅས་གཏེར་སྟོན་གླིང་པ་བདུན་གྱིས་ཆོས་བདག་ཏུ་མངའ་གསོལ། རྒྱ་རོང་གཏེར་སྟོན་དང་། རིག་འཛིན་ལུང་རིག་གླིང་པ་རྣམ་གཉིས་ཀྱིས་ཡེ་ཤེས་སྒྱུ་མའི་སྐུས་ཀྱང་རྗེས་སུ་བཟུང་ཞིང་སྨོན་ལམ་གྱི་གཏད་རྒྱ་མཛད། གུ་རུ་ཡབ་ཡུམ་གྱིས་ཞལ་གཟིགས་ལུང་བསྟན་དང་། བསམ་གཏན་ཡེ་ཤེས་གླིང་པ་ཞེས་མཚན་གསོལ། ཆུ་སྦྲུལ་ལོར་ཆུ་དབར་ཏཱ་རེའི་གནས་སྒོ་ཕྱེས། ཁྲོ་སྐྱབས་གཟིག་རི་དགོན་དང་། ཕུ་དུམ་དགོན། རྒྱལ་མོ་དམུ་རྡོ། རྡོ་ཁོག སྨུག་རོང་སོགས་སུ་ཕེབས་ནས་འདུས་པའི་སྡེ་ཆེན་པོར་སྨིནགྲོལ་ཆོས་འཁོར་བསྐོར། ཝ་ཀོ་སིདྡྷི་དགོན་རྟེན་བརྟེན་པར་བཅས་པ་གསར་བཞེངས་མཛད། སོ་མང་དུ་གཡུ་ཁོག་རྒྱ་སྤྲུལ་པའི་ཡང་སྲིད་འཁྲུངས་བ་ཝ་གོ་དགོན་དུ་གདན་དྲངས། ངོས་འཛིན་ཁྲི་སྟོན་མཛད། སྐབས་དེ་དག་ཏུ་གཞི་བདག་དུ་མས་བསུ་མ་བྱས་པ། ལྷ་དང་བླ་མའི་ཞལ་མཇལ་བ་དང་། གཏེར་སྣ་ཚོགས་བཞེས་པ། ལུང་བསྟན་སྣ་ཚོགས་བྱུང་བ། རྫུ་འཕྲུལ་ཡ་མ་ཟུང་བསྟན་པ་སོགས་ནི་བགྲང་གིས་མི་ལང་། དགུང་གྲངས་ཞེ་བཞི་བཞེས་པ་ཆུ་ཡོས་ལོར་སྐུ་བསྙུན་ཚུལ་བསྟན་སྨིན་དྲུག་ཟླ་བའི་ཚེས་བདུན་གྱི་དགུང་མོ་བླ་མ་མགོན་དབང་ལ་གསང་བའི་ཞལ་ཆེམས་བཞག་སྟེ་འཕོ་བ་གསུང་དུ་བཅུག ཚེས་བརྒྱད་ཀྱི་སྐྱ་རེངས་དང་པོ་ཤར་བ་ན་སྐུ་དྲང་སྲོང་ཙོག་པུའི་བཞུགས་སྟངས་བྱས་ཏེ་སྒོ་ཆ་རི་ཁྲོད་དུ་དགོངས་པ་དབྱིངས་སུ་བསྡུས། དེ་ཚེ་མཁའ་ལ་འཇའ་འོད་འཁྲིགས་ཤིང་། སྒྲ་ཆེན་པོ་འུར་བ་སོགས་རྒྱུད་ལས་གསུངས་པའི་རྟགས་རྣམས་བྱུང་བ་དང་། ཞག་གསུམ་སོང་སྐབས་གདུང་ཁྲུ་གང་ཙམ་མཁའ་ལ་འཕགས་ནས་གདུང་ཞབས་ཀྱི་འབོལ་སྟན་ལ་རེག་མེད་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་། ཁོང་གི་གཏེར་ཆོས་ཀྱི་སྐོར་ལ་རྫོགས་ཆེན་མན་ངག་ཉི་མ་སྤྲིན་བྲལ། སྒྲུབ་ཐབས། ལུང་བསྟན། གནས་བསྟོད་སོགས་གླེགས་བམ་བདུན་ཙམ་བཞུགས། ཞལ་སློབ་ནི་གཡུ་ཁོག་བྱ་བྲལ་བ། མདོ་མང་གཏེར་ཆེན་གར་གྱི་དབང་ཕྱུག གཡུ་ཁོག་རྒྱ་སྤྲུལ་གཉིས་པ་སོགས་དམ་པའི་སྐྱེས་བུ་དུ་མ་བྱོན།

གཡུ་ཁོག་ཡི་དམ་རྡོ་རྗེས་བྲིས་པའི་མདོ་ཁམས་གཡུ་ཁོག་ཡུལ་གྱི་ཆོས་སྲིད་ཀྱི་བྱུང་བ་བརྗོད་པ་ལོ་རྒྱུས་ཐོར་བུའི་བང་སོ་དེབ་གཟུགས་ཅན། ལྡེབ་ངོས་176 ནས་ 188 བར།

 

ཤར་མི་ཉག་པ།རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བསྒྲིགས།

Menu