སྨོན་ལམ་རྒྱ་མཚོའི་ཡང་སྙིང་ཀུན་བཟང་ཞིང་ཉི།

བཀླགས་གྲངས། 71

སྨོན་ལམ་རྒྱ་མཚོའི་ཡང་སྙིང་ཀུན་བཟང་ཞིང་གི་ཉི་མ་བཞུགས།
བགྲང་ཡས་ཚོགས་བཟུང་དཔལ་གྱིས་བསྐྲུན་པའི་སྐུ།། ཡན་ལག་དྲུག་བཅུ་ལྡན་པ་ཚང་དབྱངསགསུང་། །སྟོབས་བཅུའི་ཡོན་ཏན་ཀུན་རྫོགས་པའི་ཐུགས།། ཐུབ་དབང་ལྷ་ཡི་ལྷ་མཆོག་དགོངས་སུ་གསོལ།།

སྡུག་བསྔལ་གསུམ་གྱིས་ཆེས་ཆེར་མནར་བའི་ཚོགས།། གང་གིས་བརྩེ་ཆེན་ཐུགས་རྗེས་ཉེ་བར་བཟུང་།། དོན་གཉིས་འདོད་པ་ཡིད་བཞིད་འཇོ་བའི་ཕྱིར།། བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར།། བདག་ཀྱང་མཁའ་མཉམ་འགྲོ་ཀུན་མ་སྟོང་བར།། རང་དོན་ཞི་བདེའི་དཔལ་ལ་མི་ཆག་པར།། གཞན་ཕན་ལྷག་པའི་བསམ་སྤྱོད་རྒྱན་བཞིན་བརྟེན།། འཇུག་པར་བྱའོ་སྲིད་པའི་གྲོང་ཁྱེར་ལ།། སྐྱེ་བ་ཀུན་ཏུ་ཡབ་གཅིག་མཁྱེན་པའི་གཏེར།། འཇམ་དཔལ་དཔའ་བོས་དགྱེས་བཞིན་རྗེས་སུ་བཟུང་།། ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བསྟན་པའི།། བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཤོག། མ་འོང་རྣམ་འདྲེན་དགུ་བརྒྱ་དགུ་བཅུ་དྲུག། ཞིང་འདིར་མངོན་འཚང་རྒྱ་བའི་ཚུལ་སྟོན་ཚེ།། རྟག་ཏུ་ཞབས་འབྲིང་ཉེར་གནས་མཆོག་ཏུ་གྱུར།། རླབས་ཆེན་ཕྲིན་ལས་སྤེལ་བའི་མཐུ་ཐོབ་ཤོག། བཟང་ངན་ལས་ཀྱི་འབྲེལ་བའི་སེམས་ཅན་རྣམས།། ཚེ་འདི་འཕོས་ཚེ་བདེ་ཆེན་ཞིང་དུ་སྐྱེས།། འོད་མཚན་སྟོང་འབར་གསུང་གིས་ལུང་བསྟན་ཐོབ།། མཁྱེན་བརྩེ་ནུས་པའི་རྩལ་ཆེན་རྫོགས་པར་ཤོག། དྲི་མེད་རྒྱལ་བསྟན་དར་ཞིང་ཡུན་དུ་གནས།། རིས་མེད་འགྲོ་རྣམས་ཕན་བདེའི་དཔལ་གྱིས་འཚོ།། དུས་ཀུན་ཡིད་ལ་སྨོན་པ་འདི་ཁོ་ན།། མཐུན་འགྱུར་གསུང་གི་དབུགས་དབྱུང་དེང་འདིར་སྩོལ།། བཀྲ་ཤིས་གང་ཞིག་ཕུན་ཚོགས་བདེ་བཞིའི་གཏེར།། མ་ལུས་སྐྱེ་དགུའི་ཉེར་འཚོའི་གསོས་སུ་སྨིན།། མི་ཤིས་རྒུད་པ་བཙལ་ཀྱང་མི་རྙེད་པའི།། དགེ་ལེགས་སྣང་བས་ས་གསུམ་ཁྱབ་པར་ཤོག། །། ཅེས་ཡུལདབུས་རྡོ་རྗེ་གདན་བྱང་ཆུབ་ཤིང་གིས་བརྒྱན་པ། དེ་བཞིན་གཤེགས་པའི་ཁྲུ་དྲུང་དུ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་སྨྲས་པ་དེ་བཞིན་བཞིན་དུ་འགྲུབ་པར་རྒྱལ་བ་སྲས་བཅས་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། སྒྲ་ཕབ་འཁོར་ལོ་ལས་གུས་སློབ་བསོད་དར་རྒྱས་ནས་ཡི་གེར་བཀོད་པ་དགེ་འོ། བོད་རབ་བྱུང ༡༧ པའི་ལྕགས་རྟ་ཟླ ༩་ཚེས ༡༠ ལ།

 

Menu