སྔ་འགྱུར་རྙིང་མའི་དབུ་འཛིན་ཞལ་བཞེས་མ་ཐོབ་པའི་གསལ་བསྒྲགས།

སྔ་འགྱུར་རྙིང་མའི་མ་དགོན་ཁག་གི་སྐུ་ཚབ་དང་། རྙིང་མའི་སྨོན་ལམ་གྱི་རྒྱུན་ལས། རྙིང་མའི་སྤྱི་འཐུས་གཉིས་བཅས་བོད་ཟླ་གསུམ་པའི་ཚེས་ ༢༥ ཉིན་གྲུབ་དབང་རྫོགས་ཆེན་དགོན། ༸སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེའི་སྐུ་མདུན་དུ་ཆེད་བཅར་གྱིས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་ཇི་ལྟར་གསོལ་བ་བཏབས་པ་བཞིན་ཞལ་བཞེས་མ་གནང་བའི་སྐོར། མདུན་བཅར་མི་སྣའི་ཐུན་མོང་གསལ་བསྒྲགས་གནང་འདུག

༸སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་མཆོག་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་ཐོག་བརྒྱད་པ་ཞལ་བཞེས་གནང་ཐོབ་བྱུང་མ་སོང་། དེ་ཡང་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༠ པའི་ཐོག་སྔ་འགྱུར་རྙིང་མའི་དབུ་འཛིན་ཕེབས་ཕྱོགས་སྐོར་གྲོས་མོལ་བྱུང་དོན་དང་། དེའི་སྔོན་སྨོན་ལམ་ཆེན་མོ་སྐབས་ ༢༩ པའི་ཐོག་སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་བསྟན་པའི་བདག་པོ་རྣམས་རེས་མོས་ཀྱིས་ལོ་གསུམ་རེ་གནང་གཏན་ཁེལ་བའི་ཐག་གཅོད་སོར་གནས་དགོངས་དོན་བཞིན།

ད་ལམ་དཔལ་རྒྱལ་བ་རྫོགས་ཆེན་དགོན་གྱི་བསྟན་བདག་༸སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་གང་ཉིད་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་ཐོག་བརྒྱད་པར་བཞུགས་རྒྱུའི་སྙན་སེང་ཞུ་ཆེད། ཀོ་ལེ་གྷལ་བྱེས་ཀྱི་རྫོགས་ཆེན་དགོན་དུ་རྙིང་མའི་མ་དགོན་ཁག་གི་སྐུ་ཚབ་དང་། རྡོ་གདན་རྙིང་མའི་སྨོན་ལམ་གྱི་རྒྱུན་ལས། བལ་ཡུལ། འབྲས་ལྗོང་། འབྲུག་བཅས་དང་། རྙིང་མའི་སྤྱི་འཐུས་གཉིས་བཅས་ཆེད་བཅར་གྱིས་རེ་བསྐུལ་གསོལ་འདེབས་ཨུ་ནན་ཞུས་ཀྱང་༸སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་མཆོག་ནས་བསྟན་པ་སྤྱི་དང་བྱེ་བྲག་བཅས་ལ་ཐུགས་བསྐྱེད་མཛད་འཕྲིན་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་ཡང་ཐེངས་འདིར་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་མཚན་གནས་བཞེས་རྒྱུར་༸སྐྱབས་རྗེ་རིན་པོ་ཆེའི་སྐུ་སྒེར་གྱི་དགོངས་པ་བཞེས་ཕྱོགས་དང་། དེ་བཞིན་འཕྲོད་བསྟེན་གྱི་ལམ་སྟོན་གནས་བབ་བཅས་ཀྱི་ཞལ་བཞེས་གནང་ཐོབ་བྱུང་མ་སོང་།

མ་འོངས་སྔ་འགྱུར་རྙིང་མའི་དབུ་འཛིན་ཕེབས་ཕྱོགས་སྐོར་སྔོན་ནས་ཐག་གཅོད་བཞིན་འདི་ལོའི་རྡོ་གདན་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས་རྙིང་མའི་བླ་ཆེན་ཁག་དང་སྐུ་ཚབ་བཅས་ནས་གོ་བསྡུར་གྱིས་གནང་ཕྱོགས་ཡོང་རྒྱུ་བཅས། རྙིང་མའི་མ་དགོན་ཁག་གི་སྐུ་ཚབ་དང་། རྙིང་མའི་སྨོན་ལམ་གྱི་རྒྱུན་ལས། རྙིང་མའི་སྤྱི་འཐུས་གཉིས་བཅས་ཐུན་མོང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༣༠ ལ།།

Menu