ལྷོ་བ་སྤྲུལ་སྐུ་བླ་མ་དཔལ་ཆོས་ནི།

བཀླགས་གྲངས། 420

རྒྱ་སྐོང་པདྨ་དོན་འགྲུབ་དང་ཡུམ་སྤྲང་རུའི་ཚེ་རིང་གཡང་མཚོ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༨༢༧་ལོར་སྐུ་འཁྲུངས།

 

དགུང་ལོ་དྲུག་བཞེས་དུས་གཡག་ཟེའི་བླ་མ་བསོད་ནམས་ནོར་བུ་ལ་གཙུག་ཕུད་ཕུལ་ཏེ་གཡག་ཟེ་དགོན་དུ་གྲྭ་སར་ཞུགས་ཏེ་ཡི་གེ་འབྲི་སློབ་མཛད་སྐབས་ཚེགས་མེད་དུ་མཁྱེན།དེ་ནས་མདོ་མཁྱེན་བརྩེ་དང་།རྫོགས་ཆེན་མཁན་པོ་པདྨ་བཛྲ།རྫ་མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུདཔལ་སྤྲུལ་འཇིགས་མེད་ཆེས་ཀྱི་དབང་པོ།མི་འགྱུར་ནམ་མཁའི་རྡོ་རྗེ་སོགས་ལས་སྔོན་འགྲོ་བློ་སྦྱོང་ནས་འབུམ་ལྔ་བསགས་སྦྱངས་མཛད་དེ་ཐུགས་རྩེའི་དགྱེས་བསྐྱངས་ཀྱིས་སྨིན་གྲོལ་དབང་ལུང་མན་ངག་གི་གདམས་ཁྲིད་ཟབ་མོ་བུམ་པ་གང་བྱོས་སུ་བསྩལ་གནང་མཛད།ཁྱད་པར་དུ་ཀློང་ཆེན་སྙིང་ཐིག་གི་གདམས་ཁྲིད་སོགས་གསན་ནས་ཆོས་ཕྱིར་དཀའ་སྤྱད་དྲག་པོས་རྒྱལ་བ་གོང་མའི་རྗེས་སུ་བསྙེགས་ཏེ་གཡག་ཟེའི་རི་ཁྲོད་དང་ཁྲོ་ཁོག་མཚོ་སྐམ་གངས་ཁྲོད་བཅས་ལ་སྒྲུབ་པའི་རྒྱལ་མཚན་མཛད་དེ་ཡུན་རིང་པོར་སངས་རྒྱས་འོད་དཔག་མེད་ཀྱི་བསྙོན་པ་ཨ་མི་དྷེ་ཝ་དུང་བདུན་བསྙེན་ཅིང་བཞུགས་པས་རིག་པ་ཚད་ཕེབས་ཀྱི་ས་ལ་ཕྱིན།སྒྲུབ་བརྩོན་དཔལ་ལྡན་སྦྱིན་པ་བཟང་པོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་ཉེས་ལྟུང་གི་ཆ་ཕྲ་མོའི་ཀྱང་མ་གོས་པ་བཞུགས།གཡག་ཟེའི་མཆོག་སྤྲུལ་རྣམ་གཉིས་ལས་བཀའ་གཏེར་ཟབ་མོའི་སྨིན་གྲོལ་གྱི་དབང་ལུང་མ་ལུས་པ་ནོད།རྒྱལ་སྲས་གཞན་ཕན་མཐའ་ཡས་ལས་བཀའ་བསྟན་གྱི་ལུང་རྒྱུན་དང་སྔ་འགྱུར་རྙིང་མའི་རྒྱུད་རྒྱལ་གསང་འགྲེལ་གྱི་བཤད་རྒྱུན་འཁྲུལ་མེད་གསན།དེ་ལྟར་རིམ་མེད་ཀྱི་སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་མཁས་དཔང་རྣམས་ལས་མན་ངག་ཆོས་ཚུལ་མཐའ་དག་གསན་བཞེས་མཛད་དེ་རྣམ་གཡེང་དང་ཕྱི་བཤོལ་གྱི་དབང་དུ་མ་སོང་བར་སྐུ་ཚེ་དགེ་བར་གཞོལ་ནས་བསྐྱེད་རྫོགས་ལྟ་སྒོམ་གྱི་ཉམས་ལེན་ལ་བསླབ།བསྙེན་སྒྲུབ་ཏིང་འཛིན་གྱི་རྣལ་འབྱོར་ལས་མི་འདའ་བར་ལྟ་བའི་ཕུ་ཐག་ཆོད་དེ་ཆོས་ཉིད་ཟད་སར་འཁྱོལ།སྒོམ་པ་ཀློང་དུ་གྱུར་ནས་འོད་གསལ་གཡོ་འགུལ་དང་བྲལ།སྤྱོད་པ་ཚད་དུ་ཕྱིན་ནས་ཚོགས་དྲུག་རང་སར་གྲོལ་ཏེ་སྒྲུབ་གནས་གཉན་པོ་རྣམས་སུ་ཐུགས་དམ་གྱི་བོགས་འདོན་ཕྱིར་གཉན་ས་གཅོད།དད་ལྡན་གདུལ་བྱའི་རིགས་རྣམས་ལ་ཆོས་སྦྱིན་གནང་ཡུལ་ཧོ་རའི་གཏེར་སྟོན་འཛིན་པ་འགྱུར་མེད་དང་།ཁྲོ་བླ་མ་དཔལ་ལྡན།ལྷ་བཟོ་རྣམ་རྒྱལ།བླ་མ་ནོར་བུ་བཟང་པོ་སོགས་མཁས་བཙུན་གཉིས་ལྡན་གྱི་སྐྱེས་བུ་དུ་མ་ཞིག་ལ་སྨིན་གྲོལ་ཟབ་ཆོས་བསྩལ།

གྲུབ་རྟགས་ཀྱང་སྤྱིར་ཡི་དམ་ལྷག་ལྷ་དང་།ཁྱད་པར་དུ་བཻ་རོ་ཙ་ན་ཞལ་གཟིགས་དངོས་གྲུབ་ཐོབ་སྟེ་ཡེ་ཤེས་ཀྱི་སྐུའི་རྗེས་སུ་བཟུང་བ་དང་།མགོན་པོ་འོད་དཔག་མེད་ཀྱི་ཞལ་མཇལ་བ་དང་གསུང་ཐོས་བྱུང་བ་སོགས་ཀྱི་མཐར་སྤྱི་ལོ་༡༩༢༠་ལོར་སྐུ་ཆོས་དབྱིངས་སུ་གཤེགས།

ཡོངས་ཁུང་གཡག་ཟེ་དགོན་པའི་ལོ་རྒྱུས་བསྡུས་པ་བདེན་གཏམ་རྣ་བའི་གླིང་བུ་ལས་ཤོག་གྲངས་༡༩་ནས་༢༠་པར།

ཤར་མི་ཉག་པ། རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས་བཏུས།

Menu