སྤྱི་ལོ་ ༢༠༡༢ ལོའི་བོད་ཟླ་ ༦ པའི་ཚེས་ ༤ ཉིན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འཁོར་བསྐོར་བའི་དུས་ཆེན་གྱི་ཉིན་མོར། གྲུབ་དབང་རྫོགས་ཆེན་ཡིད་བཞིན་ནོར་བུ་དབུར་བཞུགས་ཐོག ཆོས་འཁོར་དུས་ཆེན་ལ་རྗེས་དྲན་གྱི་ཆོས་ཚོགས་ཤིག་འཚོགས་པ་དང་། དགོན་པའི་རྒྱུན་ལས་འཕོ་ལེན་གྱིས་གསལ་བསྒྲགས་ཀྱང་གནང་ཡོད་པ་རེད།
དེ་ཡང་ཉིན་མོ་དེར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འཁོར་བསྐོར་བའི་དུས་ཆེན་ལ་གྲུབ་དབང་རྫོགས་ཆེན་ཡིད་བཞིན་ནོར་བུ་མཆོག་དབུར་བཞུགས་ཐོག ཆོས་འཁོར་དུས་ཆེན་ལ་རྗེས་དྲན་ཆོས་ཚོགས་ཀྱི་ཆོ་ག་ཡོངས་སུ་གྲུབ་རྗེས་གྲུབ་དབང་རྗོགས་ཆེན་དགོན་པའི་འགན་ཡོད་ལས་བྱེད་དང་། རྒྱུན་ལས་རྣམས་མཉམ་འཛོམས་ཀྱིས། དགོན་པའི་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ལ་གྲོས་བསྡུར་དང་། དགོན་པའི་སྒྲིག་གཞི་དང་ལམ་སྲོལ་བཞིན་དགོན་པའི་འཛིན་སྐྱོང་རྒྱུན་ལས་རྣམས་འཕོ་འགྱུར་བཏང་སྟེ། དགོན་པ་སྤྱི་ཁྱབ་ཀྱི་འཛིན་སྐྱོང་འགན་ཁུར་བ་ཤྲཱི་སེང་ལས་ཐོག་མཁན་པོ་འཇམ་དཔལ་བསྟན་འཛིན་དང་། སློབ་དཔོན་བློ་བཟང་བཀྲ་ཤིས་གཉིས་དང་། ལས་རོགས། སྤྲུལ་སྐུ་མདོ་སྔགས། སྤྲུལ་སྐུ་པདྨ་བཀྲ་ཤིས། དགེ་བསྐོས་ཀརྨ་ཤེས་རབ་བཅས་མི་ལྔ་བསྐོས། གཞན་གྲྭ་ཚང་དང་བཤད་གྲྭ སྒྲུབ་གྲྭ། སློབ་གྲྭ་བཅས་སྡེ་ཚན་སོ་སོའི་འགན་ཁུར་ལས་བགོས་བྱས་པས་རྒྱུན་ལས་མི་བཅུ་ལྷག་ཞིག་བསྐོ་བཞག་གནང་ཡོད་པ་རེད།
དགོན་པའི་སྒྲིག་སྲོལ་ལྟར་བྱས་ན་དགོན་པའི་སྤྱི་ཁྱབ་འཛིན་སྐྱོང་བ་རྣམས་སྐབས་བསྟུན་ལོ་འགའི་རིང་གཏན་འཇགས་གནས་རྒྱུ་ཡིན་པ་དང་། དེ་མིན་ལས་རོགས་དང་རྒྱུན་ལས་གཞན་རྣམས་ནི་ལོ་རེ་བཞིན་ངེས་པར་དུ་བརྗེ་པོ་རྒྱག་ཐུབ་ངེས་བྱེད་དགོས་པ་རེད།
ཉིན་མོ་འདིར་དགོན་པའི་འཛིན་སྐྱོང་འགན་འཛིན་དང་རྒྱུན་ལས་འཕོ་ལེན་གྲུབ་མཚམས། གྲུབ་དབང་རྫོགས་ཆེན་པའི་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་རྫོགས་ཆེན་ཡིད་བཞིན་ནོར་བུ་མཆོག་གིས་དགོན་པའི་གྲྭ་མང་ལ་བཀའ་སློབ་ལམ་སྟོན་ཡང་གནང་ཡོད་པ་རེད། ཡིད་བཞིན་ནོར་བུ་མཆོག་གིས་གསུང་དོན། སྤྱིར་བཏང་གི་ཆོས་པ་ཞིག་དང་ཁྱད་པར་རྙིང་མ་པ་ཞིག་ཡིན་དུས་གནའ་སྔ་མོའི་སྐྱེས་ཆེན་རྣམས་ལ་མིག་དཔེ་བྱས་ནས། ཆོས་ཡང་དག་པ་རེ་ཉམས་ལེན་བྱེད་དགོས་པ་ལས་ཆབ་སྲིད་དང་མཉམ་བསྲེས་མི་བྱེད་རྒྱུ་ཧ་ཅང་གལ་ཆེ། དེང་སང་ཆབ་སྲིད་དང་འདྲེས་ཆེ་གྱི་འདུག མ་འོངས་པ་འདི་ལྟར་རྒྱུན་མཐུད་དེ་སོང་པ་ཡིན་ན། སྔ་འགྱུར་རྙིང་མ་ཟེར་ས་ཞིག་མེད་པ་ཆགས་ངེས་སུ་འདུག དེ་ཚོ་ཚང་མའི་སེམས་ལ་ཉར་དགོས་ཅེས་དང་།
ཁོང་གིས་མུ་མཐུད་དུ་གསུང་དོན། སྔ་འགྱུར་རྙིང་མ་པ་ལ་ནམ་ཀུན་བཀའ་དྲིན་ཆེ་བ་བླ་མ་མང་པོ་ཡོད་ཀྱང་། དེ་ལས་ཆེས་ལྷག་ཏུ་བཀའ་དྲིན་བརྗེད་ཐབས་མེད་པ་ནི་༸སྐྱབས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་དང་། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་རྣམ་གཉིས་རེད། ང་ཚོས་གང་ཐུབ་གྱིས་རྫོགས་ཆེན་རང་གི་སྲོལ་རྒྱུན་མ་ཉམ་པའི་རྗེས་སུ་ཆོས་སྡེ་དེ་གཉིས་ཀྱིས་སྒྲིག་འཛུགས་ལ་མིག་དཔེ་ལེན་རྒྱུ་གལ་ཆེ། གྲྭ་པ་སུ་ཡིན་ཡང་ལྟ་ས་དཔེ་ཆ་བྱས། སྲུང་རྒྱུ་སྡོམ་པ་སྲུང་དགོས། དེ་ངའི་བླ་མ་བཀའ་དྲིན་ཅན་མཁན་ཆེན་པདྨ་ཚེ་དབང་གིས་བཀའ་སློབ་ཡིན། ལྟ་སྲུང་དེ་གཉིས་ཡ་མི་འབྲལ་བ་བྱེད་རྒྱུ་གྲྭ་པའི་ལས་དོན་རེད། སྡོམ་པ་ཡོད་ན་ཆོས་གོས་སོགས་གོན་དགོས་པ་ལས་རང་དགར་ཆོས་གོས་ཀྱིས་རྩེད་ཆས་བྱེད་མི་རུང་། ངོས་རང་ལ་བསམ་བློ་བཏང་ན་ཡང་། སྔོན་མ་གྲྭ་ཆས་ཕུད་བསམ་ཀྱང་༸གོང་ས་མཆོག་དང་ཁྱད་པར་༸སྐྱབས་རྗེ་ཏིལ་མགོ་མཁྱེན་བརྩེ། ༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ། སྐྱབས་རྗེ་༸གྲུབ་དབང་པད་ནོར་སོགས་ཀྱིས་དེ་ལྟར་བྱེད་མི་རུང་ཁྱེད་དང་གཞན་མི་འདྲ། ཤམ་ཐབས་གླག་བུ་མེད་མཁན་འདི་ཆོས་པའི་གོས་ཞིག་རེད་མ་གཏོགས་རབ་བྱུང་བའི་ཆོས་གོས་དམིག་གསལ་བ་ཞིག་མིན་ཚུལ་ཡང་ཡང་གསུངས་པ་རེད། ང་རང་ངོས་ནས་ཆོས་གོས་ལ་མ་གུས་པ་དང་གྱོན་འདོད་མེད་པ་ཕར་ཞོག གུས་བཀུར་ཡོད་པའི་སྒོ་ནས་བསམ་བློ་བཏང་བ་རེད་དེ། རྗེས་སོར་ཁོང་རྣམས་ཀྱིས་བཀའ་དགོངས་བཞིན་བྱས་པ་ཡིན། དེ་བཞིན་གྲུབ་དབང་རྫོགས་ཆེན་ཚང་ཟེར་དུས། སྔོན་ནས་ད་བར་མིང་ཙམ་མ་ལུས་པ་ཡོད་རྒྱུ་འདི་སྔོན་བྱོན་བླ་མ་ཚོའི་བཀའ་དྲིན་རེད། བཀའ་དྲིན་མི་བརྗེད་པར་རང་ནུས་གང་ལྕོགས་ཀྱིས་ནུས་ཤུགས་འདོན་རྒྱུ་གལ་ཆེན་པོ་རེད་ཅེས་སོགས་སྤང་བླང་གི་བཀའ་སློབ་ལམ་སྟོན་མང་པོ་གནང་ཡོད་པ་རེད།། །།