རྫོགས་ཆེན།

རྫོགས་ཆེན་སྐུ་ཕྲེང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ།

བཀླགས་གྲངས། 489

༈ རྫོགས་ཆེན་སྐུ་ཕྲེང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་ཨ་ཏི་བསྟན་པའི་རྒྱལ་མཚན་ནི། སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དམིགས་པ་མེད་པའི་མཁྱེན་བརྩེ་དང་ནུས་པ་ལ་དབང་འབྱོར་བས།

དུས་སྐད་ཅིག་མ་རེར་ཡང་མཐའ་ཡས་པའི་ཞིང་རྣམས་སུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་ཅི་ཡང་སྟོན་ཅིང་། གདུལ་བྱའི་ཡུལ་དང་མཐུན་པར་འཇུག་པས་སེམས་ཅན་གྱི་དོན་བྱེད་པ་ལ་གཡེལ་བ་མེད་ཀྱང་། རེ་ཞིག་ཞིང་འདིའི་གདུལ་བྱ་ཚུ་རོལ་མཐོང་བ་དག་གི་སྣང་ངོར་སྐལ་བ་དང་འཚམས་པའི་སྐུའི་བཀོད་པ་སྣང་བར་མཛད་པའི་ཚུལ་བསྟན་ཏེ། དེ་ཡང་སྐུ་འཁྲུངས་པའི་ཡུལ་ནི། ཤར་ཕྱོགས་ཟླ་བའི་ཆུ་ཀླུང་ཆེན་པོ་དལ་གྱིས་འབབ་པའི་ཡུལ་གྱི་བྱེ་བྲག་ཧོ་པ་ཞེས་པའི་སའི་ཆར། ཡབ་ཚེའི་རིག་བྱེད་ལ་བྱང་ཆུབ་པའི་མཁས་པ་འགའ་ཞིག་བྱོན་པའི་རྒྱུད་ལས་བཀྲ་ཤིས་འབུམ་ཞེས་པའི་སྲས་སུ། རབ་བྱུང་བཅུ་གསུམ་པའི་ནང་ཚན་མྱོས་ལྡན་ཞེས་པ་ས་མོ་ཡོས། སྤྱི་ལོ་ ༡༧༥༩ ལོར་སྐུ་བལྟམས།
གསུང་ངག་བྱེ་བ་ནས་རྗེ་གོང་མའི་ཐུགས་ཀྱི་བག་ཆགས་མ་བརྗེད་པར་མཆོག་སྤྲུལ་གོང་མ་དེ་ཉིད་ཡིན་ཚུལ་དང་གྲྭ་པ་ཡང་མིང་པདྨ་ལས་གྲས་པ་གསུམ་ཡོད་ཚུལ་སོགས་ཡང་ཡང་གསུངས་ཤིང་། དེ་སྐབས་དབུས་གཙང་བླ་མ་ལྷ་བཅས་ཀྱི་གསུང་བརྟག་རྣམས་དང་། དམ་ཅན་སྐྱེས་བུ་ཆེན་པོའི་གསང་བའི་ལུང་བསྟན་དང་། གྲུབ་པའི་དབང་ཕྱུག་རྗེ་དབོན་རིན་པོ་ཆེ་ཉིད་ཀྱི་གསང་ལུང་རྣམས་གུང་མཐུན་པས། ཆེ་བགྲེས་རྣམས་ཀྱིས་གྲུབ་དབང་གོང་མའི་ཡང་སྲིད་དུ་ངོས་འཛིན་ཕུལ་བས། སྤྲུལ་པའི་སྐུ་རིན་པོ་ཆེའི་སྔོན་གནས་རྗེས་དྲན་གྱི་རྣམ་པར་ཐར་པ་བཟང་པོས། ཕྱག་དཔེ། རྡོར་དྲིལ། ཕྱག་ཕྲེང་། གསོལ་ཞལ་སོགས་ཉེར་སྤྱོད་རྣམས་ངོས་འཛིན་གནང་བ་དང་སྔོན་གྱི་མཛད་ཚུལ་སོགས་གསུང་ངེས་ཤེས་འདྲོངས་པ་མང་པོ་བསྩལ་བས་ངོ་མཚར་ཡིད་ཆེས་ཀྱི་ས་ལ་སྦྱོར་བ་མཛད།
དེ་ནས་སྣ་ཚོགས་ཞེས་པ་ཆུ་རྟ་ལོར་རུ་དམ་གདན་ས་ཆེན་མོར་སྤྱན་དྲངས། ཉི་སྤྲུལ་རྡོ་རྗེ་འཆང་བསྟན་པའི་རྒྱལ་མཚན་གྱིས་མཐོན་མཐིང་གི་ལྕང་ལོ་བསིལ་ནས་མཚན་ཀུན་བཟང་ཐེག་མཆོག་བསྟན་པའི་མགོན་པོ་གསོལ། རྗེ་དབོན་རིན་པོ་ཆེས་ཁྲིར་བཀོད་པའི་ཞབས་འགྱུར་དང་བཅས་མཚན་ངག་དབང་པདྨ་རྣམ་རྒྱལ་དུ་གསོལ། ས་སྐྱ་གོང་མ་རིན་པོ་ཆེ་བདག་ཆེན་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་ཀྱང་ཆབ་ཤོག་གི་ལམ་ནས་ཞབས་བརྟན་དང་བཅས་རིག་འཛིན་འཕྲིན་ལས་དབང་ཕྱུག་ཨ་ཏི་བསྟན་པའི་རྒྱལ་མཚན་དུ་མཚན་གསོལ། ཐོག་མར་རྟེན་འབྲེལ་གྱི་ཁྱད་ཀྱིས་གྲུབ་དབང་རིན་པོ་ཆེའི་གཟིམ་ཆུང་དུ་བཞུགས་སུ་གསོལ། དེ་སྐབས་དམ་ཅན་ཆེན་པོ་སྐུ་ཆུང་ངུ་ཞིག་གིས་སྲུང་བའི་ཚུལ་གྱིས་ཡང་ཡང་སྐོར་བ་བྱེད་པ་གཟིགས་གསུངས།
དེ་ནས་སློབ་དཔོན་བླ་མ་པདྨ་ཐེག་མཆོག་བསྐོས་ནས་ལྗགས་ཀློག་སྦྱོང་བར་མཛད། དེ་སྐབས་གཟིམས་ལམ་དུ་གཞི་བདག་ཀུ་ར་ཡིན་ཟེར་བའི་གཡག་དཀར་པོ་ལ་ཞོན་པའི་མི་དཀར་བོན་ཞྭ་གྱོན་པ་ཞིག་ཡང་ཡང་འོང་བ་གཟིགས། ར་དབོན་བླ་མར་ཞུས་པས་ཡུལ་ལྷ་ཡིན་པས་ཁྱེད་ལ་འཁོར་བ་ཡིན་པར་སྣང་། འོན་ཀྱང་། དེ་མི་ལེགས་པས་ངས་ཐབས་བྱའོ་གསུངས་ནས་ཐུགས་དམིགས་གནང་བས་དེ་ནས་འོང་རྒྱུ་མི་འདུག །སྐབས་ཤིག་མི་མང་ཚོགས་པའི་གསེབ་ཞིག་ན་འདུག་པ་གཟིགས་གསུངས། དགུང་ལོ་བདུན་བཞེས་པའི་དུས་ཀུན་མཁྱེན་ཀློང་ཆེན་པའི་བསྟན་བཅོས་ཡིད་བཞིན་མཛོད་དང་། སྡོམ་གསུམ་རྣམ་ངེས་སོགས་ཐུགས་འཛིན་གནང་། ཉི་སྤྲུལ་རྡོ་རྗེ་འཛིན་པ་ཆེན་པོ་ལས་བླ་མ་དགོངས་འདུས་དབང་ཁྲིད་ལུང་བཅས་དང་། ཉི་གྲགས་གཏེར་ཆོས་ཡོངས་རྫོགས་མདོ་སྒྱུ་སེམས་གསུམ་སོགས་བཀའ་གཏེར་ཆོས་ཚུལ་དུ་མ་དང་། ཁྱད་པར་ཉི་སྤྲུལ་རིན་པོ་ཆེ་ཀུན་བཟང་ཐེག་མཆོག་རྒྱ་མཚོའི་ཞལ་སྔ་ནས་མཁན་པོ་དང་། རྗེ་དབོན་ཉིད་ཀྱིས་ལས་སློབ་མཛད་ནས། དགེ་འདུན་ལྔ་ཚོགས་ཀྱི་དབུས་སུ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་རབ་ཏུ་བྱུང་། མཚན་སྔོན་མའི་འཕྲོར་ངེས་དོན་བསྟན་འཛིན་བཟང་པོ་ཞེས་གསོལ། ངུར་སྨིག་འཛིན་པའི་བརྟུལ་ཞུགས་ལ་གནས་པར་མཛད།
རྗེ་དབོན་རིན་པོ་ཆེ་ལས་སྙིང་ཐིག་རྣམ་གཉིས་སོགས་ཉམས་ཁྲིད་དང་བཀའ་ཆོས་མང་པོ་དང་། ཀཿ ཐོག་དྲི་མེད་ཞིང་སྐྱོང་ལས་བདུད་འདུལ་རྡོ་རྗེའི་གཏེར་ཆོས་ཚང་མ་དང་། བཀའ་འགྱུར་བ་བཀྲ་ཤིས་རྒྱ་མཚོ་ལས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལུང་དང་། དགེ་བཤེས་བསྟན་འཛིན་ལས་རྙིང་མ་རྒྱུད་འབུམ་གསན། དགེ་སློང་སྐལ་བཟང་དོན་ཡོད་ལས་སྙིང་ཐིག་ཉམས་ཁྲིད་ཟབ་བཞེས་གནང་ཞིང་། གཞན་ཡང་དཔའ་བོ་ལས་རབ་རྩལ། རིག་འཛིན་འཇིགས་མེད་གླིང་པ། གུ་རུ་བླ་མ་བསྟན་འཛིན་སྙིང་པོ། མཁས་བཙུན་ཆེན་པོ་ནམ་མཁའ་མཆོག་གྲུབ། རྡོ་བླ་མ་ཀུན་བཟང་གཞན་ཕན་སོགས་ལས་བཀའ་ཆོས་མང་དུ་གསན། ས་ཕོ་ཁྱི་ལོར་དབུས་ལྗོངས་སུ་ཆིབས་བསྐྱོད་གནང་ནས། ཇོ་ཤཱཀ་རིན་པོ་ཆེ་རྣམ་གཉིས་གཙོ་བོར་གྱུར་པའི་བོད་ཀྱི་རྡོ་རྗེ་གདན་གསུམ་ནས་ལྷོ་བྲག་ཚུན་གྱི་གཙུག་ལག་ཁང་རྣམས་སུ་མཆོད་སྤྲིན་དང་བཅས་བསྟན་འགྲོ་ལ་ཕན་བདེ་འབྱུང་བའི་ཐུགས་འདུན་བསྔོ་སྨོན་འཕྲིན་བཅོལ་གང་འོས་གནང་། ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོ་དང་། ཁྲི་ཆེན་ནོ་མི་ཧན་གཉིས་ལ་དངོས་རྫས་གཏོས་ཆེ་བ་དང་། དགའ་ལྡན་ཤར་རྩེའི་མཁན་པོ་ཟུང་དང་། སེ་འབྲས། རྒྱུས་སྟོད་སྨད་སོགས་ཀྱི་མཁན་ཁག་རྣམས་ལའང་འབུལ་མཚོན། སྨོན་ལམ་ཚོགས་ཆེན་ལ་མང་ཇ་དགུ་དང་དངུལ་ཞོ་རེའི་འགྱེད། དེ་མཚུངས་ཚོགས་མཆོད་དང་། སེ་འབྲས་རྒྱུད་སྟོད་སྨད་སོགས་ལ་མང་ཇ་རེ་དང་དངུལ་ཊམ་ཀ་རེའི་འགྱེད། རང་ལུགས་རྡོར་སྨིན་དཔལ་རི་ལྷོ་བྲག་རྣམས་ལ་དགེ་འདུན་འདུས་པར་མང་ཇ་ལན་ཁ་ཡར་དང་དགེ་འདུན་རེ་ལ་བཟང་ཇ་སྦག་རེ་དང་རས་དངུལ་སོགས་ཀྱི་འགྱེད་ཀྱང་འོས་འཚམས་ལན་ཁ་ཡར་དང་། མཆིམས་ཕུ་ཤེལ་བྲག་སྒྲག་ཡང་རྫོངས་རྣམས་ལའང་མང་ཇ་འགྱེད་བཅས་གནང་། ལྷོ་བྲག་ཐུགས་སྲས་ལས་པདྨ་གླིང་པའི་ཆོས་སྐོར་དང་། གྲུབ་ཆེན་པདྨ་བཤེས་གཉེན་ལས་བྱང་གཏེར་གཙོར་གྱུར་རྙིང་ཆོས་འགའ་དང་། སྨིན་གླིང་མཁན་པོ་ལས་སྨིན་གླིང་གཏེར་ཆོས་དང་བི་མ་སྙིང་ཐིག་སོགས་གསན། ཁྱད་པར་དུ་སྨིན་གླིང་མཁན་པོ་ལས་ཚིགས་ཕྱི་མ་དགེ་སློང་གི་དངོས་པོར་བསྒྲུབས་ནས་བསྙེན་པར་རྫོགས་པར་མཛད།
ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བློ་གྲོས་ཡབ་སྲས་ལྷ་ལྡན་དུ་ཕེབས་པ་དང་འགྲིག་པས་འབུལ་དོན་རྒྱ་ཆན་དང་དབང་ཆོས་ཕྲན་བུ་གསན། ངོར་པ། ས་སྐྱ། བཀྲ་ཤིས་ལྷུན་པོ་རྣམས་ལའང་མང་བཀོལ་བྱེད་པར་མངགས། དེ་མཚུངས་མཚུར་ཕུར་ཀརྨ་པའི་མདུན་དུ་འབུལ་བ་དང་འདུས་པར་མང་ཇ། འབྲི་གུང་སྟག་ལུང་རྣམས་སུའང་དེར་མཐུན་གནང་། མདོར་ན་སྐབས་འདིར་ཟང་ཟིང་གི་ཡོ་བྱད་དངོས་ཇ་སྟོང་ཕྲག་བརྒལ་བ་དང་ཤན་གཞུ་བརྒྱ་ཕྲག་གསུམ། གསེར་དངུལ་རྡོ་ཚད་ཉིས་བརྒྱར་ཉེ་བ། རྟ་དྲེལ་ཉིས་བརྒྱ། མཛོ་ཁལ་སུམ་བརྒྱ། གཅན་ཟན་ལྤགས་རིགས། གོས་དར་སོགས་མཐའ་ཡས་པས་མཆོག་སྤྲུལ་གོང་མའི་དུས་ལས་ལྷག་པའི་ཚོགས་བསགས་རྒྱ་ཆེར་མཛད་ཚུལ་ཞིབ་པར་རྣམ་ཐར་དུ་གསལ། གཞན་ཡང་འདི་ཕྱོགས་སུ་གཙུག་ལག་ཁང་གསར་བཞེངས། ཕྱག་ཚ་དགོན་ལྷ་ཁང་རྟེན་བརྟེན་པ་དང་བཅས་པ་དང་། སྟག་དགོན་ཀཿ ཐོག་དགོན་གཙུག་ལག་ཁང་རྟེན་བརྟེན་པ་དང་། སྙི་ཁོག་དུའང་གཙུག་ལག་ཁང་གསར་བཞེངས་ཀྱི་མཐུན་རྐྱེན་ཡོ་བྱད་རྒྱ་ཆེར་བསྩལ་བ་དང་སྒྲུབ་གྲྭའི་འདུ་ཁང་བཀོད་ལེགས་པ་དང་། གདན་ས་ཉིད་དུའང་གཙུག་ལག་ཁང་གཉིས་དང་སྐྱེས་རབས་ལྷ་ཁང་། གཟིམ་སྤྱིལ་ལི་མ་ལྷ་ཁང་སོགས་ལྷ་ཁང་གསར་བཞེངས་མང་དུ་མཛད་ཅིང་། དེ་དག་རྣམས་སུ་སྐུ་གསུང་ཐུགས་རྟེན་བྲིས་འབུར་རྒྱུ་བཀོད་ཚོན་གསེར་སོགས་དངོས་གཙང་བ་དག་དང་། གཞན་ཡང་གསེར་ཟངས་ལས་གྲུབ་པའི་ལྷའི་སྐུ་བརྙན་མང་པོ་གསར་བསྐྲུན་མཛད་པ་དང་། གཞན་ནས་བླུས་པའི་རྟེན་གསུམ་འགངས་གང་ཆེ་བུམ་དང་། དེ་མོ་གོང་གཤམས་སོགས་ཤིན་ཏུ་དངོས་གཙང་ཁོ་ནའི་བྲིས་ཐང་ཀྱང་བརྒྱ་ཕྲག་ལས་བརྒལ་བ་དང་། གསུང་རྟེན་ཡི་གེའི་རིགས་ཀྱང་དཔེ་རྒྱུན་དཀོན་རིགས་གསར་བཞེངས་བུ་རི་བརྒྱ་ཕྲག་མང་པོ་བསྒྲུབས་པ་དང་། བཀའ་གཏེར་དཀྱིལ་འཁོར་མང་པོའི་འདོན་ཆའི་རིགས་དང་ཉིད་ཀྱི་ལྗགས་རྩོམ་ཆོས་སྤྱོད་སོགས་ཀྱི་པར་ཡང་ཤིང་ལྡེབ་སྟོང་ཕྲག་ལྷ་པ་སོགས། རྟེན་བཞེངས་ཀྱི་རིགས་བགྲངས་ལས་འདས་པ་དང་། ཁྱད་པར་རྡོ་བྲག་རིག་འཛིན་ཆེན་པོའི་ལུང་བསྟན་དང་རྗེ་སུ་མཐུན་པར་རྙིང་མ་བཀའ་མ་ཚོགས་ཆེན་འདུས་པ་དང་སྒྱུ་འཕྲུལ་གཙོ་བོར་གྱུར་པའི་དཀྱིལ་འཁོར་བཅུ་གསུམ་གྱི་སྒྲུབ་མཆོད་ངོ་མཚར་ཆེ་བ། གར་ཐིག་དབྱངས་རོལ་བཅའ་བཤམས། སྒྲིག་ལམ་ཐམས་ཅད་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་ཇི་ལྟ་བ་བཞིན་གསར་འཛུགས་དང་། དེ་དག་ལ་ཉེ་བར་མཁོ་བའི་མཆོད་པའི་ཡོ་བྱད་དཀྱིལ་འཁོར་རེར་ཡང་སོ་སོར་རྔ་སྦུབ་སིལ་སྙན་སོགས་ཆ་འགྲིག་ཤིག་ཏུ་དངོས་གཙང་བའི་སྤུས་ལེགས་ཁོ་ན་དང་། དེ་མཚུངས་དུང་ཆེན་གླིང་བུ་དུང་དཀར། སྤོས་ཕོར། འཕན་གདུགས་རྒྱལ་མཚན་ཡོལ་བ་ཐང་སྐུ་སོགས་དངོས་གཙན་གསར་བསྒྲིགས་དང་། ཞྭ་ནག །ཕོད་ཀ་གར་གོས། ཟངས་འབག །ཞལ་བརྙན་བྷན་ཕུར་སོགས་འཆམ་ཆས་རྣམས་ཀྱང་གོས་ཆེན་རྒྱུ་བཟང་ཁོ་ན་ལས་གྲུབ་པ་མང་པོ་སྦྱོར་འཇགས་མཛད།
དགོན་ཕུར་བསམ་གཏན་བསྒོམ་པའི་སྒྲུབ་གྲྭ་མི་བཅུ་གསུམ་རེར་སྒྲུབ་རྒྱགས་མཚམས་གཡོག་བཅས་སྦྱར་ནས་བསྐལ་པར་ནུབ་མད་གཏན་འཇགས་ཡོང་བའི་རྟེན་དང་བཅས་གསར་འདེབས་དང་། གཞན་ཡང་ཡིག་དྲུག་གཙོ་བོར་གྱུར་པའི་གཟུངས་སྔགས་ཟབ་མོའི་རིགས་ཀྱི་འཁོར་ཆེན་མང་པོ་བསྒྲུབས་ནས་ཆུ་ལ་བསྐོར་བ་དང་། སྐོར་དུ་འཇུག་པ་སོགས་རྣམ་དཀར་གྱི་དགེ་བ་སྟོབས་ཆེན་དམིགས་སུ་གང་འགྲོ་ཆེད་དུ་བསྒྲུབ་པར་མཛད་ཅིང་། ཆོས་སྡེའི་བཅའ་ཁྲིསམ་སོགས་ཀྱང་ཆོས་མཐུན་གྱི་བསླབ་བྱ་ནན་ཆགས་ཀྱིས་ལེགས་སྤེལ་ཉེས་འགོག་མཛད་པ་ལས། རྩུབ་སྤྱོད་དྲག་ཐལ་མིག་སྔར་མི་མཛེས་པའི་ཁྲིམས་གཅོད་སོགས་གཏན་ནས་མི་མཛད། ཉེས་ཆད་ཅུང་ཟད་བཅད་པའི་དངོས་རྫས་དེ་དག་ཀྱང་གནས་མིན་དུ་མི་ཟག་པར་ཆོས་ཕྱོགས་སུ་འགྲོ་ངེས་མཛད་པ་སོགས། མདོར་ན་རྣམས་པར་དཀར་བའི་འཕྲིན་ལས་ཐམས་ཅད་ཆོས་མཐུན་ཁོ་ན་བསྐྱངས་ཤིང་། གྲྭ་རིགས་སློབ་ཚོགས་ཡོན་བདག་རྣམས་ལའང་ལས་རྒྱུ་འབྲས་ཁོ་ན་གཙོ་བོར་གྱུར་པའི་གསུང་དང་མཛད་པས་སྐྱོང་བ་ལས་གཞན་པའི་རང་ཉིད་ཆེ་ཐབས་ལྟ་བུའི་ཆོས་བརྒྱད་འདུ་འཛིའི་གསུང་དང་མཛད་པ་ཡེ་ནས་མི་མངའ།
སྐར་རྩིས་སྙན་ངག་སོགས་རིག་གནས་ཀྱང་འགའ་ཞིག་གསན་སྦྱོང་མཛད་ཅིང་། ཁྱད་པར་གསུང་རབ་དང་བསྟན་བཅོས་རྣམ་ཐར་དེབ་ཐེར་ལོ་རྒྱུས་སོགས་ལ་སྦྱོང་བརྡར་ཕུལ་དུ་ཕྱིན་པར་མཛད་པས་གྲུབ་མཐའ་རིས་མེད་ཀྱི་ལུགས་གང་དང་གང་གཟིགས་ཀྱང་ལན་རེ་ཟུང་རེ་ཙམ་གྱིས་ཚིག་དོན་གྱི་གནད་མ་འདྲེས་པར་ཐུགས་སུ་ཆུད་ཅིང་མཁས་པར་མཁྱེན་ཀྱང་གཞན་ངོར་མི་མཁྱེན་པའི་ཚུལ་ལྟར་མངོན་ཆུང་ཁོ་ན་མཛད། དོན་དུ་གཉེར་པ་དག་གིས་གང་དང་གང་དྲིས་ཀྱང་དེ་དང་དེའི་ལན་ཐོགས་གཏུགས་མེད་པར་བསྩལ་ཞིང་། རྒྱབ་རྟེན་གྱི་ལུང་བཀའ་བསྟན་བཅོས་ཀྱི་ཚིག་མང་པོ་ཐལ་བྱུང་དུ་གནང་བས་ལུང་ཕྱོགས་རིགས་པ་རྣོ་ལ་མན་ངག་གི་གནད་དང་འབྲེལ་བ་ཤ་སྟག་བསྩལ། གཞན་ཡང་སྐུ་འཕྱོར་དང་རང་མཐོང་སྤངས་ནས་བཟང་འདོད་དང་ཆེ་འདོད་མི་མཛད་ཅིང་། ན་བཟའ་སོགས་ཀྱང་མཐའ་གཉིས་སུ་མ་ལྷུང་བ་ཙམ་ལས་འཕྱོར་སྒེག་གི་རིགས་གཏན་ནས་མི་མཛད། རྒྱུན་དུ་ནམ་གྱི་སུམ་གཉིས་ནས་གཞེངས་ཏེ་ཐུགས་དམ་ཞལ་འདོན་གྱི་རིགས་ཤིན་ཏུ་མང་པོ་དང་། དགོང་མོའང་བསྐྱེད་རྫོགས་ཀྱི་གཞུང་བསྲང་བའི་གཏོར་བསྔོ་སོགས་གང་རྒྱས་གནད་གཏིང་ཟབ་མོའི་ཐུགས་དམ་ལ་མཉམ་པར་བཞག་པས་ནམ་གུང་བར་ཏིང་ངར་འཛིན་ལ་བཞུགས་ཏེ་ཅུང་ཟད་མནལ་ཙམ་ལས་དེ་མ་ཐག་ཐུགས་དམ་ལ་འཇུག །གཞན་ཡང་ཡར་ངོ་མར་ངོའི་ཚེས་བཅུ་སོགས་དུས་ཆེན་རྣམས་ལ་དཀྱིལ་འཁོར་མང་པོའི་ལས་གཞུང་བསྲང་བ་རེས་མོས་ཀྱིས་ཆོ་ག་ཚོགས་མཆོད་བསྐང་བཤགས་སོགས་ཀྱང་མང་དུ་བསྩལ། དུས་རྟག་ཏུ་དབེན་པ་ལ་དགྱེས་པ་དང་སྒྲུབ་པ་ལ་ཐུས་སྤྲོ་བ་ཁོ་ན་ཡོད་ཀྱང་གདན་སའི་ཁུར་བཞེས་ཀྱིས་དབེན་པ་བསྟེན་པ་སོགས་རྒྱུན་རིང་མཛད་རྒྱུ་མ་བྱུང་ཡང་གདན་ས་རང་དུ་ཐུགས་གུ་ཡངས་དང་སོས་དལ་ལྟ་བུར་མི་མཞུགས་པར་བསྙེན་སྒྲུབ་མང་དུ་ཧུར་ཐག་མཛད།
གནས་ལུགས་ཟབ་མོའི་རྣལ་འབྱོར་ལ་ནམ་དུའང་མི་གཡེར་བར་བཞུགས་ནའང་། ཕྱག་དང་སྐོར་བ་སོགས་འདུས་བྱས་ཀྱི་དགེ་བ་ཕྲ་ཞིང་ཕྲ་བ་ལ་ཡང་བརྙས་པ་མི་མཛད་པར་ཉམས་སུ་བཞེས་ཤིང་། གཞན་ལའང་བསྐུལ་བ་དང་། བྱས་པ་ལ་རྗེས་སུ་ཡི་རངས་བ་གནང་བར་མཛད། སྐུ་མདུན་དུ་འདུག་པ་ཙམ་གྱིས་འཇིག་རྟེན་གྱི་བྱ་བ་ལ་བློ་སྣ་ཐུང་ཞིང་ངེས་འབྱུང་སྐྱེ་ནུས་པ་ཡོད་ལ། སྤྱིར་ཡང་ཆོས་སྲིད་ཀྱི་བྱ་བ་གང་དང་ཅི་སྒྲུབ་ཀྱང་ཐུགས་མྱུར་ཞིང་བརྩོན་འགྲུས་ཆེ་བས་ལེ་ལོར་མི་ནུས་པ་དང་། ཐུགས་སྒམ་ཞིང་བློ་མཛངས་པས་གྲུབ་མཐའ་མི་གཅིག་པའི་མཆོད་གནས་དགོན་པ་ཆེ་ཕྲ་གང་ལའང་ཆགས་སྡང་གི་བསྙད་རྩེར་མི་མངའ་ཞིང་ཐུགས་བསམ་དག་པས་སྒོ་དུ་མ་ནས་ཕན་པ་བསྒྲུབས་པར་མཛད། རང་ལུགས་བསྟན་པའི་འཕེལ་རྒྱས་ལའང་ཐུགས་བསམ་ཆེ་ཞིང་སྤྱན་རྒྱང་མི་ཐུང་བས་ཉེ་རིང་བར་མའི་དགོན་གནས་གྲྭ་རིགས་ཙམ་ལའང་ཞལ་སྐྱོང་གནང་ནས་ཕན་རླབས་གང་ཆེ་མཛད། དངོས་རྫས་ཆེ་ཕྲའི་རིགས་གང་ཡང་འཕྲལ་དགོས་ཙམ་ལས་ཕལ་ཆེར་ཚོགས་གསོག་རྟེན་བཞེངས་སོགས་ཀྱི་ཕྱོགས་སུ་བཏང་བ་ལས་ཕྱག་མཛོད་ཕུག་མའི་སྒོ་ལྕགས་བསྡོམས་པ་དང་གནས་མ་ཡིན་པར་ཟག་པ་སོགས་མི་མཛད་པར་ཕྲལ་བྱུང་ཕྲལ་དག་ལྟ་བུའི་དགེ་བའི་ཕྱོགས་སུ་ཅི་ཐེངས་མཛད། བཀའ་ཆོས་འཆད་སྤེལ་གནང་བའང་ལྗགས་ཀློག་བདེ་བས་རྣམ་པ་དག་ཅིང་ཚིག་གསལ་ལ་འགྲོ་མྱུར་ཞིང་དབང་ཁྲིད་ལྟ་བུར་ཡང་ཕྱག་ལེན་གཙང་ཞིང་རྣམ་དཔྱོད་ཆེ་ལ་ལྗགས་བཤད་མཛད་པའང་ལུང་རིགས་དང་འབྲེལ་བའི་གསུང་མཐའ་རྒྱ་ཆོད་ངེས་ལས་འབྲེལ་མེད་སྤོམ་ཡོར་མང་པོ་མི་མཛད།
མདོར་ན་སྐྱོན་མེད་ཡོན་ཏན་དུ་མ་དང་ལྡན་པའི་མཛད་པ་ངོ་མཚར་ཅན་བསམ་གྱིས་མི་ཁྱབ་པ་མངའ་ཞིང་། མགོན་པོ་བྱམས་པས། ཡི་གེ་འདྲི་མཆོད་སྤྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ཀྱི། །བསོད་ནམས་ཕུང་པོ་གཞན་དུ་མེད། །ཅེས་གསུངས་པ་ལྟར། ཆོས་སྤྱོད་བཅུའི་མཛད་པ་ཁོ་ན་ལྷུར་བཞེས་པས་བསྟན་པ་དང་སེམས་ཅན་གྱི་ཕན་བདེ་སྤེལ་བའི་མཛད་པ་བླ་ན་མེད་པ་ཉིད་མཛད་དོ། །དེ་ཙམ་དུ་མ་ཟད་སྤྲུལ་པའི་སྐྱེས་མཆོག་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་དང་། རྡོ་རྗེ་བྲག་ཞབས་དྲུང་རིག་འཛིན་ཆེན་པོ་སྐལ་བཟང་པདྨ་དབང་ཕྱུག །གྲུབ་པའི་དབང་ཕྱུག་དཔའ་བོ་ལས་རབ་རྩལ་སོགས་ཀྱིས་ཟབ་ཆོས་ཀྱི་བདག་པོར་ལུང་གིས་བསྔགས་པར་གྱུར་ཅིང་། ཁྱད་པར་དུ་རིག་འཛིན་ཆེན་པོ་ཉི་མ་གྲགས་པའི་དག་སྣང་ཐོར་བུའི་ལུང་བསྟན་ལས། འགྲོ་དོན་འདི་བྱང་གི་ཕྱོགས་སུ་འབྱུང་། །ཞི་བ་འདི་རྒྱས་པའི་ལས་ལ་འགྲོ །དེ་བྱང་ཆུབ་སེམས་ལྡན་རིག་པ་འཛིན། །པདྨའམ་ངག་དབང་མིང་གིས་སྤེལ། །ཅེས་གསུངས་པ་ནི་རྗེ་འདིའི་མཚན་ངག་དབང་པདྨ་རྣམ་རྒྱལ་ཞེས་མཚན་སྒྲ་དང་མཐུན་ཞིང་། སྔར་སྤོང་བ་བསམ་གཏན་གྱི་སྡེ་སྤྲོས་པ་ཉེ་བར་ཞི་ཡང་། དེ་སྐབས་མཆོག་སྤྲུལ་རིན་པོ་ཆེ་འདིས་སྒྲུབ་མཆོད་སོགས་སྤྲོས་བཅས་སྤྲོས་མེད་ཟུང་འཇུག་གི་མཛད་པ་བསྐྱངས་པས་བསྟན་པ་འཕེལ་རྒྱས་ཆེ་བ་འདི་བཞིན། ཞིབ་འདི་རྒྱས་པའི་ལས་ལ་འགྲོ །ཞེས་པ་མངོན་དུ་གྱུར་པ་ལ་དགོངས་སོ། །གཞན་ཡང་རྗེ་དབོན་རིན་པོ་ཆེའི་བཀའ་ལུང་ལས། བདག་གི་མཆོག་སྤྲུལ་རིན་པོ་ཆེ་འདི་དུས་གསུམ་ཀུན་མཁྱེན་གུ་རུ་པདྨ་འབྱུང་གནས་དང་། པཎ་གྲུབ་ཆེན་པོ་བི་མ་མི་ཏྲ་ཟུང་གི་ཐུགས་རྗེ་གཅིག་ཏུ་བསྡུས་པའི་རང་གཟུགས་ཡིན་པས་བསྟན་འགྲོར་ཕན་བདེ་སྤེལ་བ་ལ་གཞན་གྱི་འགྲན་ཟླ་དང་བྲལ་བ་ཡིད་བཞིན་ནོར་བུ་དང་འདྲ་བ་ཞིག་འབྱུང་ངེས་ཞེས་ཡང་ཡང་བཀའ་བསྩལ་བ་བཞིན་ངེས་དོན་སྙིང་པོའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བ་ལ་གཞན་དྲིང་མི་འཇོག་པ་དང་། སྐྱེ་དགུ་ཡོངས་ལ་སྨན་པ་དང་བདེ་བའི་ཐབས་ལ་ཐུགས་བསྐྱེད་ཟླ་མེད་པ་ཞིག་སྟེ། སྐྱེས་རབས་དཔག་བསམ་འཁྲི་ཤིང་ལས། ཟླ་བའི་ཀུན་དགའ་ཉི་མའི་རབ་གསལ་དང་། །མེ་ཡིས་ཚ་བ་རླུང་གི་འགྱོགས་པ་དང་། །གཞན་དོན་དགའ་བ་སྐྱེ་བོ་ཆེ་རྣམས་ཀྱིས། །གཞན་ལ་ཕན་པ་ལྷན་སྐྱེས་རང་བཞིན་ཡིན། །ཞེས་གསུངས་པ་དང་ཚུལ་མཐུན་པར་དམིགས་པ་མེད་པའི་བརྩེ་བ་དང་། དྲི་མ་མེད་པའི་ཡེ་ཤེས་ལ་དབང་འབྱོར་བས་སེམས་ཅན་རྣམས་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ལ་སྦྱོར་བའི་ཐུགས་བསྐྱེད་བླ་ན་མེད་པས་དངོས་དང་བརྒྱུད་ནས་ཕན་བཏགས་ཤིང་། ཐ་ན་བྱ་དང་རི་དྭགས་རྣམས་ལའང་སྐྱེ་བདུན་མྱོང་གྲོལ་སོགས་ཁ་ལ་ཅི་ཐེངས་མཛད།
གཞན་ཡང་སྐུ་ཚེའི་ཕྲེང་བ་དུ་མ་ཐུབ་བསྟན་རིན་པོ་ཆེ་གསལ་བར་བྱེད་པའི་མཁས་པ་དང་གྲུབ་པའི་སྐྱེས་རབས་མུ་ཏིག་གི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུ་དང་། སྐུ་ཚེ་འདིར་ཡང་ལྷག་པའི་ལྷ་མང་པོས་ཞལ་གཟིགས་པའི་ལུང་བསྟན་ཐོབ་པ། རྡོ་རྗེ་ཆོས་སྐྱོང་རྣམས་བྲན་དུ་འཁོལ་བས་འཕྲིན་ལས་བསྒྲུབས་པ། ས་ལམ་གྱི་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་སོགས་ནི། ཇོ་བོ་བཀའ་གདམས་པ་དག་གིས། སྦས་པའི་གཏེར་སྲུང་སླབ་བའི་དཔེ་བཞིན་བདག་གི་ཡོན་ཏན་སྦ་བ་ཉིད་རྣམ་ཐར་གྱི་གཙོ་བོ་མཛད་པ་བཞིན། རྗེ་འདིས་ཀྱང་ཡོན་ཏན་མཐའ་དག་རྒྱ་མཚོའི་གཏིང་གི་རྡོ་བ་ལྟར་མི་མངོན་པ་གཙོ་བོར་འདོན་ཅིང་། ཁྱད་པར་གསང་སྒྲོག་ཏུ་འགྱུར་གྱིས་དོགས་ནས་བསྙེལ་ཐོ་དང་ཞལ་སློབ་ཀྱི་རིགས་ལ་གསུང་འཕྲོས་ཀྱི་ཟུར་ཙམ་ཡང་ཆེར་མ་གསུངས་མོད། འོན་ཀྱང་གདན་སར་ཕེབས་ཉིན་དབུ་རྩེའི་སྟེང་ན་དཔལ་མགོན་མ་ནིང་དང་། སྔགས་སྲུང་ཨེ་ཀ་ཛ་ཊི་བཞུགས་འདུག་པ་དངོས་སུ་གཟིགས་པ་དང་། ཡང་ཕེབས་མ་ཁད་ལ་གྲུབ་དབང་རིན་པོ་ཆེའི་གཟིམ་ཁང་དུ་བཞུགས་དུས་དམ་ཅན་ཆེན་པོ་ར་སྐྱེས་ལ་ཞོན་པ་མཛུབ་གང་བ་ཙམ་ཞིག་རྗེ་ཉིད་སྲུང་བའི་ཚུལ་དུ་ཡང་ཡང་འོངས་པ་གཟིགས་པ་དང་། ཡང་སྐབས་ཤིག་དཔལ་མགོན་མ་ནིང་མངོན་རྟོགས་དང་མཐུན་པ་ཞིག་ཞལ་གཟིགས། གྲུབ་ཆེན་པདྨ་བཤེས་གཉེན་ལས་དབང་གསན་དུས་བདུད་རྩི་དངོས་སུ་ཁོལ་བ་ཀུན་གྱིས་མཐོང་བ་དང་། དགུང་ལོ་ཉེར་གཉིས་བཞེས་དུས་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་དཀར་མོ་ཕྱག་ན་མདའ་དར་དང་བུམ་པ་ཐོགས་པ་ཞིག་གིས་འབྱུང་འགྱུར་གྱི་ལུང་བསྟན་དང་ཆོས་བཀའ་མང་པོ་འབེབས་རྒྱུའི་བརྡ་གྲོལ་བྱུང་ཡང་བདག་གིར་མ་མཛད། ཁྱད་པར་དུ་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ལན་དུ་མར་ཞལ་ཡང་ཡང་གཟིགས་ཤིང་། གཞན་ཡང་པཎ་ཆེན་བི་མ་མི་ཏྲ་དང་། རླང་དཔལ་གྱི་སེང་གེ །རྒོད་ཚང་པ་སྣ་ཚོགས་རང་གྲོལ་རྣམས་ཡང་ཡང་ཞལ་གཟིགས་པ་དང་། གསུང་གླེང་མང་པོ་བྱུང་ཚུལ་སོགས་ཟུར་ཙམ་གསུངས་ཤིང་། ལྷ་ལྡན་དུ་ཕེབས་དུས་ཇོ་བོ་རིན་པོ་ཆེ་མཇལ་དུས་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་ཉིད་དངོས་སུ་གཟིགས་ཤིང་ཞལ་འཛུམ་པར་མཛད་པ་དང་། འཁོར་གྱི་ལྷ་རྣམས་ཀྱང་ལྷ་མངོན་སུམ་ལྟ་བུ་སྣང་སྟོང་སྒྱུ་མའི་རོལ་བར་གཟིགས་པ་དང་། གཡོ་རུ་ཁྲ་འབྱུག་ཏུ་ཕེབས་དུས་སྒྲོལ་མ་ཞལ་ཟས་མའི་ཞལ་འཛུམ་པ་དང་། ཁྲོ་བོ་མི་གཡོ་བའི་རལ་གྲི་ལས་མེ་འབར་བ་རྣམས་བྱུང་། སྒྲུབ་མཆོད་འཛུགས་དུས་རྒྱུད་མགོན་ལེགས་ལྡན་གྱིས་སྡོང་གྲོགས་བྱེད་པར་ཞལ་གྱིས་བཞེས་པ་དང་། སྐབས་ཤིག་ལྷ་མོ་ཚེ་རིང་མ་གཙོ་འཁོར་གསུམ་མདའ་དར་དང་མེ་ལོང་བསྙམས་པ་ཞིག་གཟིགས་པ་དང་། དེའི་སྒྲུབ་སྐོར་ཞིག་ཕེབས་རྒྱུ་ཡོད་པར་འདུག་ཀྱང་ཡི་གེར་འབེབས་པར་མ་མཛད། སྡེ་དགེས་རྙིང་རྒྱུད་པར་དུ་མ་འཁོད་གོང་དུ་རྗེ་ཉིད་ཀྱི་ཞབས་རིང་ཞིག་དང་བུད་མེད་རྒྱན་ལྡན་མང་པོས་རྒྱུད་ཀྱི་དཔེ་རྣམས་གབ་དཀྲུག་བསལ་ནས་ཞུས་དག་བྱེད་ཚུལ་མནལ་ལམ་བྱུང་བར་རིང་པོར་མི་འཐོགས་པར་དུ་འཁོད་པ་འདྲ་གསུངས་པ་ཐོག་ཏུ་ཁེལ་བ་སོགས་དང་། གཞན་ཡང་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཡོད་པར་འདུག་ཀྱང་ཡེ་ནས་མི་གསུངས། གཞན་ཡང་བརྟེན་པའི་ཆོས་སྐྱོང་མ་གཟའ་རྡོར་གསུམ། བཙན་རྒོད་ཆེན་པོ། འདོན་ཁམས་གཙོ་མོ་རྣམས་ཡང་ཡང་གཟིགས་ཤིང་དེ་དག་གིས་དགྱེས་པའི་འཕྲིན་ལས་བསྒྲུབས་ཚུལ་དང་། གཞི་བདག་འགའ་ཞིག་གིས་དངོས་གཟུགས་བསྟན་ནས་དམ་ལ་བཞག་པས་མཐུན་རྐྱེན་སྒྲུབ་པར་ཁས་བླངས་པ་དང་། གདུག་ཅན་གྱི་ལྷ་འདྲེ་མང་པོ་དམ་ལ་བཏགས་ཚུལ་སོགས་མང་དུ་ཡོད་པར་སྣང་ཡང་ཟུར་ཙམ་ལས་ཞིག་པར་ཡེ་ནམ་མི་གསུངས་ཏེ་ཐུགས་ཀྱི་ཀློང་དུ་སྦ་བར་མཛད་དོ། །
སྐབས་ཤིག་ཉེ་གནས་ལ་ང་རང་ཚེ་རིང་པོ་མེད་པ་འདྲ། མི་མང་པོ་ཡང་ཡང་ཚོགས་ནས་གྲོས་བྱེད་འདུག་པར་ལྷ་འདྲེ་མི་གསུམ་སྒྲུབ་མཆོད་འདི་ལ་མི་མོས་ནས་བར་ཆད་བརྩམས་པ་ཁོ་ནར་འདུག་ཅེས་པའི་གསུང་འཕྲོས་ཀྱང་བསྩལ། ཞལ་སློབ་ཀྱང་གཙོ་བོ་ཉི་སྤྲུལ་རིན་པོ་ཆེ་ཨོ་རྒྱན་བསྟན་པའི་ཉི་མ་མི་འགྱུར་ཕན་བདེ་རྒྱ་མཚོ་དང་། ཞེ་ཆེན་རབ་འབྱམས་མཆོག་སྤྲུལ་རྒྱལ་ཚབ་བཅས་དང་། དབོན་སྤྲུལ་ཀུན་བཟང་བསྟན་པའི་ཉི་མ། སེང་ཕྲུག་པདྨ་བཀྲ་ཤིས། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན། འབར་ཆུང་འཇིགས་མེད་གོ་ཆ། མཁན་པོ་རིག་འཛིན་བཟང་པོ། གུ་གུ་བླ་མ་བསྟན་འཛིན་སྙིང་པོ། གནས་མདོ་ཆགས་མེད་སྤྲུལ་སྐུ་སོགས་དང་། རྡོ་བྲག་མཆོག་སྤྲུལ། ལྷོ་བྲག་གསུང་སྤྲུལ། ཡོལ་མོ་སྤྲུལ་སྐུ། ལྕགས་ལའི་རྒྱལ་སྲས། གྲུབ་ཆེན་པདྨ་བཤེས་གཉེན་སོགས་རྩ་བའི་ཡོངས་འཛིན་དེ་དག་ལས་ཀྱང་འགའ་ཞིག་མ་གཏོགས་ཕལ་ཆེར་གྱིས་གསུང་གི་བདུད་རྩི་མ་བཞེས་པ་མེད་ཅིང་། གཞན་གྲྭ་རིགས་སློབ་ཚོགས་ཀྱི་འདུ་བ་མཐའ་ཡས་པའི་ཕྱིར་མཐའ་དག་ནི་བརྗོད་པར་ནུས་མ་ཡིན་ནོ། །
དེ་ལྟར་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེར་མཛད། འདི་སྐབས་བསུན་མའི་ལྟས་མང་པོ་རྒྱུན་ཆགས་སུ་ཡོང་འདུག་པར་བླ་ཆེན་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱིས་བསུན་ཟློག་མཛད་པས་ཡུན་རེར་ཟློག་འགྲོ་བར་འདུག་ཀྱང་། སླར་ཡང་སྔར་ལྟར་ཡོང་གི་འདུག་གསུངས། འདི་ནས་བཟུང་སྐུ་ཡང་ཅུང་ལྟེམ་པ་ཡང་ཡང་བྱུང་ཞིང་། ཇི་ལྟར་བུད་ཤིང་མེད་ན་མེ་ཡོངས་སུ་མི་གནས་པ་བཞིན། གདུལ་བྱའི་ཡུལ་མེད་ན་འདུལ་བྱེད་ཀྱི་སྟོན་པའང་མི་འབྱུང་བས། དེས་ན་རེ་ཞིག་གདུལ་བར་བྱ་བའི་ཡུལ་དེ་ཙམ་དུ་དགོངས་ནས་ཞིང་ཁམས་གཞན་དུ་དགོངས་པ་གཏད་པར་མཛད་དེ། དགུང་ལོ་སུམ་ཅུ་སོ་བཞི་པར་རབ་བྱུང་བཅུ་གསུམ་པའི་ནང་ཚན་ཆུ་ཕོ་བྱི་བའི་ལོ། སྤྱི་ལོ་ ༡༧༩༢ ལ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་ནས་ཞི་བ་ཆེན་པོར་མནལ་བའི་ཚུལ་བསྟན་པར་གྱུར་ཏོ། །དེ་ནས་དགོངས་རྫོགས་མཆོད་སྤྲིན་རྒྱ་ཆེར་སྤྲོ་བ་དང་། སྐུ་གདུང་རིལ་པོར་བཞུགས་པའི་དངུལ་འབའ་ཞིག་ལས་གྲུབ་པའི་མཆོད་རྟེན་ཐོག་ཚད་མ་བཞེངས་པ་སོགས་དགོངས་པ་རྫོགས་པའི་ཐབས་ཕུལ་དུ་བྱུང་བ་ཁོ་ན་བསྒྲུབས་པ་ཡིན་ནོ། ། །།

Menu