རྫོགས་ཆེན་མཆོག་སྤྲུལ་རྣམ་གསུམ་མཇལ་འཕྲད་གནང་བ།

དེ་ཡང་ད་ལོའི་ཕྱི་ཟླ ༣ ་པའི་ཚེས་ ༡༦ ཉིན་རྫོགས་ཆེན་དཔོན་སློབ་རིན་པོ་ཆེ་ཧྥ་རན་སི་རྫོགས་ཆེན་ཆོས་ཚོགས་སུ་ཆེད་བཅར་ཞུས་ཏེ་༧སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེར་མཇལ་འཕྲད་གནང་བ་དང་། ཕྱི་ཟླ་༥ པའི་ཚེས་༢ ཉིན་རྫོགས་ཆེན་དགེ་མང་རིན་པོ་ཆེ་ཨ་རི་ཀ་ལུ་ཕྷོ་ནས་ཡ་ནས་ཧོ་ལན་བརྒྱུད་ཧྥ་རན་སི་ལྷོ་ཕྱོགས་ཏྲོ་ལོའི་Toulouse airport གནམ་ཐང་ལ་ཚེས་༣ ཉིན་རྒྱབ་ཆུ་ཚོད་དང་པོ་ཙམ་ལ་ཆིབས་བསྒྱུར་གནང་ཞིང་། ཆོས་ཚོགས་ནས་ཕེབས་བསུ་ཟབ་རྒྱས་ཀྱིས་ཧྥ་རན་སི་རྫོགས་ཆེན་ཆོས་ཚོགས་སུ་ཞབས་སོར་འཁོད་པ་དང་།

ཚེས་ ༣ ནས་ཚེས་༦ བར་ཉིན་བཞིའི་རིང་ཆོས་ཚོགས་སུ་ལྷོད་བཞུགས་ཀྱིས་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེར་མཇལ་འཕྲད་གནང་ཞིང་བསྟན་པ་སྤྱི་དང་བྱེ་བྲག་སྔ་འགྱུར་གྲུབ་དབང་རྫོགས་ཆེན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་བྱ་ཕྱོགས་ཀྱི་གྲོས་བསྡུར་ལྷུག་པོ་གནང་ཡོད་འདུག
སྐབས་དེར་རྫོགས་ཆེན་ལས་ཐོག་མཁན་པོ་འཇམ་དཔལ་བསྟན་འཛིན་ཡང་ཆེད་ཕེབས་གནང་ཡོད་པ་དང་། ཁོང་གིས་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་རེ་བཞིན་མཇལ་འཕྲད་གོ་སྒྲིག་གནང་བ་ཞིག་རེད་འདུག
༧སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་དང་། རྫོགས་ཆེན་དཔོན་སློབ་རིན་པོ་ཆེ། རྫོགས་ཆེན་དགེ་མང་རིན་པོ་ཆེ་རྣམ་པ་གསུམ་ནི་གྲུབ་དབང་༧རྒྱལ་བ་རྫོགས་ཆེན་པའི་ལོ་རྒྱུས་བརྒྱུད་རིམ་ནང་རྫོགས་ཆེན་མཆོག་སྤྲུལ་རྣམ་གསུམ་ཞེས་ཆེས་གོ་གནས་མཐོ་ཞིང་རྫོགས་ཆེན་ཆོས་རྒྱུད་ལ་འབུར་དུ་མངོན་པའི་མཛད་རྗེས་རབ་ཏུ་མོད་པའི་སྐྱེས་ཆེན་ཏག་ཏག་ཡིན་པ་རེད།
Menu