རྫོགས་ཆེན་མཁན་པོ་བརྩོན་འགྲུས་རིན་པོ་ཆེ།

བཀླགས་གྲངས། 328

བོད་རབ་བྱུང་༡༥ པའི་ལྕགས་སྤྲེལ་ལོ་སྤྱི་ལོ་ ༡༩༢༠ ལོར་ཡབ་ཉེན་པ་བསྟན་པ་འཕེལ་རྒྱས་དང་། མ་ཡུམ་སྐྱ་བཟའ་ཚེ་སྒྲོན་གཉིས་ཀྱི་སྐྱེད་ཁྱིམ་དུ་བྱང་ཕྱོགས་ཆུ་དམར་ལེབ་ཏུ་སྐུ་འཁྲུངས། སྐྱེས་སྟོབས་ཀྱི་ཤེས་རབ་ལ་རང་དབང་འབྱོར་བས་མགོ་ཙམ་སྨྲོས་པས་ཁོང་དུ་ཆུད་པར་གྲགས། ལོ་བརྒྱད་ནས་ཡིག་ཀློག་དང་། དཔལ་ཡུལ་གཟི་འགག་མཆོག་སྤྲུལ་མདུན་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་བཟུང་ཞེ་ཆེན་མཁན་པོ་གཙུག་ཏོར་ཅན་དང་།

tsonduརྫོགས་ཆེན་ཀོང་སྤྲུལ། མཁན་པོ་འཆི་མེད་ཡེ་ཤེས། མཁན་པོ་འཇིགས་བློ། མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ། མཁས་གྲུབ་ངག་དབང་ནོར་བུ། ཁྱད་པར་བོད་སྤྲུལ་མོད་སྔགས་བསྟན་པའི་ཉི་མ་དང་། རྫོགས་ཆེན་དྲུག་པ། གླིང་སྤྲུལ། ཐུབ་དགའ་ཡིད་བཞིན་ནོར་བུ་སོགས་ལ་བསྟེན་ནས་མདོ་སྔགས་རིག་གཞུང་མཐའ་དག་ཁོང་དུ་ཆུད། མཁན་ཆེན་ལྷ་སྒང་མདུན་ནས་བསྙེན་པར་རྫོགས་ཀྱི་སྡོམ་པ་མནོས། དགུང་གྲངས་སོ་གསུམ་ལོར་དབུས་ཕྱོགས་སུ་ཕེབས་ནས་སེར་བྱེས་བྱ་བྲལ་ཁང་ཚན་དུ་ལོ་གསུམ་རིང་གཞུང་ལུགས་ཀུན་ལ་སྒྲོ་འདོགས་བཅད། སྤྱི་ལོ་༡༩༥༧ ལོར་དབུས་ཕྱོགས་ཀྱི་གུ་རུའི་གནས་ཆེན་རྣམས་ལ་གནས་གཟིགས་མཛད། སྤྱི་ལོ་༡༩༥༩ ལོར་འཕགས་ཡུལ་དུ་འབྱོར། སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་དང་། མཁྱེན་སྤྲུལ་རིན་པོ་ཆེ་སོགས་ལས་སྙིང་ཐིག་ཆོས་སྐོར་མང་པོའི་དབང་ལུང་གསན། སྤྱི་ལོ་༡༩༦༢ ལོར་འབྲུག་གཞུང་གིས་ཆོས་རིག་སློབ་གྲྭ་གསར་འཛུགས་སྐབས་ལོ་མང་རིང་ཐུན་མོང་གི་རིག་གཞུང་འཆད་ཁྲིད་བསྐྱངས། འཕགས་ཡུལ་གྱི་གནས་ཆེན་ཁག་ཞིབ་མཇལ་གྱིས་གུ་རུའི་གནས་ཆེན་མཚོ་པདྨར་ལོ་ཤས་རིང་བཞུགས་ནས་དེར་འདུས་ཚོར་འཆད་ཁྲིད་གནང་། གཞན་སྨིན་གླིང་དང་། རྣམ་གྲོལ་གླིང་སོགས་སུ་མདོ་སྔགས་རིག་གནས་དང་བཅས་པར་བཤད་ཁྲིད་བསྐྱངས་བས་སྔ་འགྱུར་བའི་བསྟན་པ་སླར་གསོ་གནང་། གཞན་ཌཱ་ལ་ཧའུ་སིར་བོད་ཀྱི་རིས་མེད་སྤྲུལ་སྐུའི་སློབ་གྲྭའི་དགེ་རྒན་དང་། སྤྱི་ལོ ༡༩༦༦ ལོར་བོད་ཀྱི་ཆོས་ལུགས་ཁག་བཞིའི་མཁས་པ་སྙན་གྲགས་ཅན་ལྔ་བཅུ་ལ་ཁུ་ནུ་བླ་མས་མདོ་སྔགས་རིག་གནས་འཆད་ཁྲིད་ལ་ཞུགས། ཝྭ་རཱ་ཎ་སིར་ཆེས་མཐོའི་སློབ་གྲྭར་རིག་གནས་དགེ་རྒན་ལ་ཕེབས།
བརྩམ་ཆོས་སྐོར།འདུལ་བའི་མཚན་ཉིད་བསྡུས་པ། དགེ་ཚུལ་གྱི་བསླབ་བྱའི་འགྲེལ་བ། འཇམ་མགོན་བླ་མའི་གསོལ་འདེབས། སྙན་ངག་ལེའུ་བར་པའི་དཔེར་བརྗོད། སུམ་རྟགས་འགྲེལ་བ། རྟགས་རིགས་ཀྱི་རྣམ་བཞག་སོགས་བཞུགས།
ཐུགས་སྲས་ཞལ་སློབ་གཙོ་བོ་ཁག །སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ། མཁན་པོ་པདྨ་ཤེས་རབས། མཁན་པོ་རྣམ་གྲོལ། རྒྱལ་སྲས་སྤྲུལ་སྐུ། དྭགས་པོ་སྤྲུལ་སྐུ། མཁན་པོ་འགྱུར་མེད་འཕྲིན་ལས། མཁན་པོ་བདེ་ཆེན་རྡོ་རྗེ། མཁན་པོ་རིག་འཛིན། མཁན་ཡེ་ཤེས་བཟང་པོ། མཁན་དཀོན་མཆོག་འོད་ཟེར། མཁན་ནོར་བུ་སོགས་བརྒྱུད་པ་ཟིན་ངེས་ཀྱི་བསྟན་འཛིན་མང་པོ་བསྐྱངས། དགུང་གྲངས་དྲུག་བཅུ་བཞེས་པ་སྤྱི་ལོ ༢༠༠༠ ལོའི་རྒྱལ་ཟླའི་ཚེས་༡༨ རྒྱལ་དབང་ཀློང་ཆེན་པའི་འདས་མཆོད་ཉིན་གློ་བུར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་གཤེགས།
ཤྲཱི་སེང་ལས་ཐོག་མཁན་པོ་ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན།

Menu