རྫོགས་ཆེན་དགོན་དུ་མེ་བྱའི་སྤྲེལ་ཟླའི་ཚེས་བཅུ་འཚོགས་པ།

དེ་ཡང་སྔ་འགྱུར་བསྟན་པའི་གཙུག་རྒྱན་རང་རེའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༧སྐྱབས་རྗེ་རྡོ་གྲུབ་ཆེན་མཆོག་གིས་བཀའ་དགོངས་བཞིན་༧གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་དུ་ལོ་ལྟར་འཚོགས་བཞིན་པའི་མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོ་ད་རེབ།

སྤྱི་ལོ་༢༠༡༧//༢༩/ བོད་རབ་གནས་མེ་མོ་བྱ་ལོའི་སྤྲེལ་ཟླའི་ཚེས་༦ནས་ཚེས་༡༠པར་ཉིན་ལྔ་རིང་འཚོགས་ཡོད་པ་དང་།དེ་ཡང་ཀོ་ལེ་གྷལ་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་པས་སྦྱིན་བདག་དང་གྲ་སྒྲིགས་ཡོངས་སུ་བྱས་འོག་དོན་ལྡན་གླིང་གཞིས་ཆགས་ན་ཡོད་པའི་དགོན་སྡེ་ཁག་རྒྱད་ཀྱི་བླ་གྲྭ་ཡོངས་རྫོགས་ལྷན་འཚོགས་ཐོག་འཇའ་ཚོན་སྙིང་པོའི་ཆོས་སྐོར་ལས་དཀོན་མཆོག་སྤྱི་འདུས་ཀྱི་དཀྱིལ་འཁོར་ལྷ་ཞལ་ཕྱེ་ནས་འཚོགས་ཡོད་པ་དང་།གྲོང་སྡེ་༢༢ཀྱི་རོགས་རམ་དང་ཞབས་ཕྱི་ལོ་ལྟར་གནང་གི་ཡོད་པ་རེད།དེ་བཞིན་ཉིན་ཐ་མའི་ཚེས་༡༠ཉིན་མི་མང་གང་མང་འཛོམས་ནས་བསྟན་སྲིད་སྤྱིའི་ཞབས་རིམ་དུ་གུ་རུ་སིདྡྷི་འཚོགས་ནས་བཀྲ་ཤིས་ལོ་ལེགས་ངང་མཇུག་གྲོལ་ཡོད། སྤྱིར་ས་གནས་སུ་ཆར་ཆུ་དཀོན་པོ་ཡིན་ཡང་ཚོགས་འབུམ་རིང་དགོང་དྲོ་རྟགས་པར་ཆར་བ་ཟིམ་ཟིམ་བབ་པས་མི་རྣམས་ལ་དམིགས་བསལ་དགའ་དད་དང་ཚོར་སྣང་དམིགས་བསལ་བ་ལོ་ལྟར་ཡོང་གི་ཡོད།

དགོས་དོན་སྤྱིར་རིས་སུ་མ་ཆད་པའི་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་རིང་ཏུ་གནས་པ་དང་།བསྟན་པ་དེར་འཛིན་གྱི་སྐྱེས་བུ་ཆེན་པོ་༸གོང་ས་ལྷ་མའི་རྣམ་འདྲེན་གཙོས་གང་ན་སུ་བཞུགས་པའི་བསྟན་འཛིན་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་མཁའ་ལྟར་རྒྱས་པ།ནད་འཁྲུགས་མུ་གེས་བསྐལ་བ་ངན་པ་སོགས་ཡོངས་སུ་ཞི་ནས་ཞི་བདེའི་སྣང་བས་ཡོངས་སུ་ཁྱབ་པ།ཆར་ཆུ་དུས་སུ་བབ།ལོ་ཕྱུག་རྟག་ཏུ་ལེགས་པ་སོགས་རྫོགས་ལྡན་དང་པོའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པ་དང་།དེ་ལྟར་འབྲེལ་ཐོགས་མ་གྱུར་སེམས་ཅན་ཐམས་ཅད་ཚེ་འདི་འཕོས་མ་ཐག་ཏུ་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་ངམ།ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་སྐུ་བཞི་ཡེ་ཤེས་ལྔའི་ངོ་བོར་སངས་རྒྱས་པའི་ཆེད་དུ་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ་པ་བཅས་སོ།

ཤར་མི་ཉག་པ།འཇམ་དཔལ་བསྟན་འཛིན་ནས།

Menu