རྫོགས་ཆེན་གང་ལས་བྱུང་བའི་ཆོས་བརྒྱུད་བཤད་པ།

བཀླགས་གྲངས། 70

   དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཉིང་ཁུ། གསང་ཆེན་རྡོ་རྗེ་ཐེག་པའི་ལྷ་བའི་ཞེ་ཕུག བཀའ་གསང་བ་བས་ཀྱང་ཆེས་གསང་བ། ཡང་གསང་བླ་ན་མེད་པ་མན་ངག་རྫོགས་པ་ཆེན་པོ་ནི་གང་ལས་བྱུང་བའི་ཆོས་བརྒྱུད་ཡིན་ལ། དེ་ཇི་ལྟར་བརྒྱུད་ཚུལ་ནི།

བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་དྲུག་བཅུ་ན། ཨོ་རྒྱན་གྱི་ཨུལ་དྷ་ན་ཀོ་ཤའི་བཀྲ་ཤིས་བདེ་བརྩེགས་ཀྱི་གསུག་ལག་ཁང་དུ་རྒྱལ་པོ་ཨུ་པ་རཱ་ཛཱ་དང་། ཡུམ་འོད་ལྡན་མའི་སྲ་མོ་རབ་ཏུ་བྱུང་ནས་རྒྱ་མཚོའི་འགྲམ་དུ་བསམ་གཏན་བསྒོམ་པའི་ཚེ། ནུབ་གཅིག་རྨི་ལམ་དུ་མི་དཀར་པོ་གཅིག་གིས་ཤེལ་གྱི་བུམ་པ་ཡི་གེ་འབྲུ་ལྔས་སྤྲས་པ་ཞིག ཨོཾ་ཨཱཿ ཧཱུཾ་སྭ་ཧཱ། ཞེས་སྤྱི་བོར་ལན་གསུམ་བཞག་པས་བུམ་པ་ལས་འཕྲོས་པའི་འོད་ཀྱིས་ཁམས་གསུམ་གསལ་བ་རྨིས། དེའི་ཕྱི་ལོར་རིག་འཛིན་དགའ་རབ་རྡོ་རྗེ་སྐུ་བལྟམས་པ་ན། དགེ་མ་ངོ་ཚ་ནས། ཕ་མེད་བུ་འདིས་དགོས་པ་མེད་གསུངས་ནས་ཐལ་དོང་དུ་བསྐྱུར། དེ་ནས་ཞག་བདུན་སོང་བ་ན་ཅི་ཡང་མ་ཉེས་པར་འདུག་པས། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པར་ཤེས་ནས་གུས་པས་སྤྱན་དྲངས། ལོ་བདུན་ནས་པཎྜི་ཏ་རྣམས་དང་བགྲོ་གླེང་བྱས་པས་མཁས་པའི་ཡང་རྩེར་སོན། དེ་ནས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་བཅུ་རྩ་བཞི་ཐུགས་ལ་མངའ་བ་རྣམས་དཔལ་རྡོ་རྗེ་སེམས་དཔས་ཞལ་མངོན་སུམ་གཟིགས་ནས་རིག་པ་སྤྱི་བླུགས་ཀྱི་དབང་གིས་མི་སློབ་པའི་ཡེ་ཤེས་མངོན་དུ་བསྟན། དེ་ནས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བཞུགས་སྐབས། སློབ་དཔོན་འཇམ་དཔལ་བཤེས་གཉེན་འཇམ་དཔལ་རྣོན་པོས་ལུང་བསྟན་པ་ལྟར། དེར་བྱོན་ནས་ལོ་བདུན་ཅུ་རྩ་ལྔའི་བར་ཆོས་ཉན། དེ་ནས་དགའ་རབ་རྡོ་རྗེས་འཇམ་དཔལ་བཤེས་གཉེན་ལ་གདམས་པ་མཐའ་དག་གཏད་ནས་ཟག་མེད་ཀྱི་དབྱིངས་སུ་གཤེགས། འཇམ་དཔལ་བཤེས་གཉན་གྱིས་རྫོགས་པ་ཆེན་པོ་ལ་སེམས་ཀློང་མན་གང་གི་སྡེ་གསུམ་དུ་ཕྱེས་ཤིང་། མན་ངག་ལ་སྙན་རྒྱུད་དང་བཤད་རྒྱུད་གཉིས་ཕྱེ་ནས་སྙན་རྒྱུད་རྣམས་མཆན་དུ་བཏབ། བཤད་རྒྱུད་རྣམས་རྡོ་རྗེ་གདན་དུ་སྦས། ཕྱིས་སུ་སློབ་དཔོན་ཤྲཱི་སེང་ཧས་སློབ་དཔོན་དུར་ཁྲོད་སོ་ས་གླིང་དུ་བཞུགས་པ་ལས་གདམས་པ་མནོས་ཤིང་། སྦྲས་པའི་རྒྱུད་རྣམས་བཏོན་ཏེ། སླར་ཡང་ཕྱི་ནང་གསང་བ་ཡང་གསང་གི་སྐོར་བཞིར་ཕྱེས་ནས་སྐོར་སྔ་མ་གསུམ་བྱང་ཆུབ་ཤིང་གི་ལྷ་ཁང་བྱ་འདབས་སུ་གཏེར་དུ་སྦས། སྐོར་ཕྱི་མ་བཀྲ་ཤིས་ཁྲི་སྒོའི་ཀ་བར་གཏད་རྒྱ་དང་བཅས་སྦྲས་ཤིང་ཏིང་ངེ་འཛིན་བཞུགས། དེ་ནས་སློབ་དཔོན་ཛྙཱ་ན་སུ་ཏྲ་སློབ་དཔོན་དང་མཇལ་བས། ལོ་དགུའི་བར་སྙན་རྒྱུད་ཀྱི་གདམས་པ་དཔེ་དང་བཅས་པ་གནང་། དེ་ནས་ཡེ་ཤེས་མདོས་སྟེང་གི་ནམ་མཁའ་ལ་སློབ་དཔོན་བཞུགས་པ་མཐོང་བས་སྐུ་མྱ་ངན་ལས་འདས་པར་ཤེས་ནས་སྨྲེ་སྔགས་ཀྱི་གདུང་ཚིག་བཏོན་པས་གཟེར་བུ་བདུན་པའི་ཞལ་ཆེམས་ཕྱག་ཏུ་བབས། དེ་པཎ་ཆེན་བི་མ་ལ་མི་ཏྲ་ལ་གནང་ཞིང་པཎ་ཆེན་གྱིས་བོད་དུ་དར་བར་བྱས་པའི་བཀའ་སྲོལ་བི་མ་སྙིང་ཐིག་དང་། ཡང་སློབ་དཔོན་པདྨ་འབྱུང་གནས། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་གསུམ་ལས་གསན་མོད་ཀྱི། ཁྱད་པར་རྡོ་རྗེ་ཕག་མོས་ལུང་བསྟན་པ་ལྟར། གདུལ་བྱའི་སྣང་ཚུལ་ཙམ་ལ་ཤྲཱི་སེང་ཧ་ལས་གསན་ཅིང་སྤེལ་བའི་ཚུལ་མཛད་པ་ལ་པདྨ་མཁའ་འགྲོ་སྙིང་ཐིག་ཞེས་གྲགས་པའོ། །
     དེ་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་དཔལ་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་ནས་རྒྱལ་བསྟན་བླ་ལྷག་ཏུ་དར་བའི་དུས་ཞིག་ན། དབུ་ཡི་མཆོད་གནས་ཉང་བན་ཏིང་འཛིན་བཟང་པོས་རྒྱལ་པོ་ལ་རྒྱ་གར་པཎ་ཆེན་བི་མ་ལ་སྤྱན་དྲངས་པར་བསྐུལ་བ་ལྟར། པཎ་ཆེན་སྤྱན་དྲངས་ནས་གསང་བ་མན་ངག་གི་རྒྱུད་ཐམས་ཅད་ཉང་བན་དང་རྒྱལ་པོ་ཡབ་སྲས། སྐ་ཅོག་ལྔ་ལ་ལྐོག་ཆོས་ལུ་བསྩལ་ཞིང་ལོ་བཅུ་གསུམ་བར་བོད་དུ་བཞུགས། དེ་ནས་ཉང་གི་སློབ་མ་གནས་བརྟན་ལྡང་མ་ལྷུན་རྒྱལ། དེས་ལྕེ་བཙུན་སེང་གེ་དབང་ཕྱུག དེས་སྤྲུལ་སྐུ་ཞང་སྟོན། དེས་སྲས་ཉི་མ་འབུམ། དེས་གུ་རུ་ཇོ་འབེར། དེས་འཁྲུལ་ཞིག་སེངར་གེ་རྒྱབ་པ། དེས་གྲུབ་ཆེན་མེ་ལོང་རྡོ་རྗེ། དེས་བླ་མ་ཀུ་མ་རཱ་ཛ་ལ་གནང་། དེས་བསམ་ཡས་པ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ་བསྩལ། དེས་བྱ་བྲལ་བཀྲ་ཤིས་འབྱུང་གནས། དེས་གུ་རུ་གཞན་ཕན་པ། དེས་སྲས་ནམ་མཁའ་རྡོ་རྗེ། དེས་སྲས་འོད་གསལ་ཀློང་ཡངས། དེས་རྫོགས་ཆེན་པ་བསོད་ནམས་རིན་ཆེན། དེས་ཀུན་མཁྱེན་ངག་དབང་པདྨ། དེས་རྫོགས་ཆེན་པ་བསོད་ནམས་དབང་པོ། དེས་ལྷ་བཙུན་ཀུན་བཟང་རྣམ་རྒྱལ། དེས་རྫོགས་ཆེན་པ་ཀློང་རྫོགས་མཐའ་བྲལ། དེ་ལས་གྲུབ་དབང་པདྨ་རིག་འཛིན་གྱིས་ཞུས་ནས་དར་སྤེལ་མཛད་པ་ཡིན་ནོ། །
ཁྱད་པར་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་ཚུལ་ཨོ་རྒྱན་པདྨ་ཀ་རས་རྫོགས་པ་ཆེན་པོ་སྙིང་ཐིག་གི་གདུལ་བྱ་རྣམས་པཎ་ཆེན་བི་མ་ལས་འདུལ་བར་དགོངས་ནས་དར་སྤེལ་མ་མཛད། གཞོ་སྟོད་ཏི་སྒྲོའི་བྲག་ལ་བཞུགས་པའི་དུས་ཇོ་མོ་མཚོ་རྒྱལ་ལ་མཁའ་འགྲོ་སྙིང་ཐིག་གི་དབང་དང་གདམས་པ་ཐམས་ཅད་རྫོགས་པར་གནང་། མངའ་བདག་གི་སྲས་མོ་ལྷ་ལྕམ་པདྨ་གསལ་ཚེ་དུས་བྱས་པའི་སྐབས། སློབ་དཔོན་གྱིས་ལྷ་ལྕམ་གྱི་རོའི་སྙིང་ཁར་ནྲིཿབྲིས། ཏེང་ངེ་འཛིན་གྱི་ལྕགས་ཀྱུས་རྣམ་ཤེས་བཀུགས་ཚེ་ལྷ་ལྕམ་དབུགས་བྱུང་སྟེ་མིག་གིས་ལྟ་ཞིང་ངག་སྨྲ་ཤེས་པ་བྱུང་ངོ་། །
དེའི་ཚེ་སླར་ཡང་གསང་བ་སྙིང་ཐིག་གི་དབ་ང་བསྐུར་གསང་མཚན་པདྨ་ལས་འབྲེལ་རྩལ་དུ་བཏགས་ནས་དཔེ་སྒྲོམ་སྤྱི་བོར་བཞག་ནས་སྨོན་ལམ་བཏབ། སླར་རྣམ་ཤེས་དོན་པ་དང་རོ་བསྲེགས། དེ་ཚེ་མཚོ་རྒྱལ་གྱིས། སྙིོང་ཐིག་ཟབ་མོའི་གདམས་པ་སྤེལ་ལམ་སྦ་བར་བྱ། ཞེས་ཞུས་པས། སློབ་དཔོན་གྱིས། ད་ལྟ་སྤེལ་བའུ་དུས་ལ་མ་བབ་པས་གཏེར་དུ་སྦ་དགོས། ལྷ་ལྕམ་གྱི་ཆོས་སྐལ་ཡིན། སྙིང་ཐིག་གི་བསྟན་པ་བི་མས་སྤེལ། ཁོང་གི་གདུལ་བྱ་དུས་ལ་བབ་པ་ཡིན། བདག་གི་སྙིང་ཐིག་གི་བསྟན་པ་ནི་དེའི་ཕྱིས་འབྱུང་བར་ལུང་བསྟན་ནས་དང་ལུང་ཕྲ་མོ་བྲག་ལ་གཏེར་དུ་སྦས་པ་པདྨ་ལས་འབྲེལ་རྩལ་གྱིས་གཏེར་ནས་བཏོན་ཅིང་ཕྱིས་སུ་ཀུན་མཁྱེན་ཀློང་པས་དར་སྤེལ་མཛད་པ་སྟེ། གུ་རུ་ཡེ་ཤེས་རབ་འབྱམས། འཁྲུལ་ཞིག་བསམ་གཏན་བཟང་པོ། གྲུབ་ཆེན་སྦྱིན་པ་བཟང་པོ། རྫོགས་ཆེན་ཤཱཀྱའི་མཚན་ཅན། རྫོགས་ཆེན་བསོད་ནམས་རིན་ཆེན། རིག་འཛིན་ཆོས་ཀྱི་རྒྱ་མཚོ། གྲུབ་ཐོབ་པདྨ་རིག་འཛིན་གྱི་བར་དུ་རིམ་པར་བརྒྱུད་པའོ། །གྲུབ་ཐོབ་པ་ལ་མཁའ་འགྲོས་གནང་བ་བྱིན་ཅིང་སྙིང་ཐིག་གི་བཀའ་བབ་ཆོས་བདག་ཏུ་གྱུར་ཚུལ་འཆད་འགྱུར་ལྟར་ལ། གྲུབ་དབང་རྒྱལ་བ་རྫོགས་ཆེན་པ་ཞེས་ཆོས་མིང་གང་ཟག་ལ་འཕོས་པའི་གྲགས་པ་དོན་ལྡན་གྱི་ཆོས་བརྒྱུ་ནི་དེ་ལྟ་བུའོ། ། ། །

Menu