རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ།

བཀླགས་གྲངས། 210

རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་མཆོག་ནི་མཆོག་ནི་རབ་བྱུང་བཅུ་བཞི་པའི་ས་འབྲུག ཕྱི་ལོ་ ༡༨༠༨ ལོར་མདོ་ཁམས་བྱང་འབྲོག་དགེ་རྩེ་རྫ་ཆུ་ཁའི་སྡེར་གཏོགས་རྒྱལ་ཐོག་ཅེས་པའི་གདུང་ལས་སྐུ་འཁྲུངས། རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་སྤྲུལ་སྐུར་ངོས་བཟུང་།

ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མཚན་གསོལ། སྐུ་ན་ཆུང་ངུའི་དུས་ནས་ཡི་གེ་འབྲི་ཀློག་རྣམས་ཚེགས་མེད་དུ་མཁྱེན། མཁན་ཆེན་ཤེས་རབ་བཟང་པོ་ལས་རབ་ཏུ་བྱུང་། རྡོ་བླ་འཇིགས་མེད་སྐལ་བཟང་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་ཀྱི་དྲུང་ནས་ངལ་གསོ་སྐོར་གསུམ་དང་། སྤྱོད་འཇུག་རྩ་རྒྱུད་གསང་བ་རྙིང་པོ་སོགས་མདོ་སྔགས་ཀྱི་གཞུང་མང་པོ་དང་། རིག་གནས་བཅས་གསན།ཞེ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་དང་འཇིགས་མེད་རྒྱལ་བའི་མྱུ་གུ་སོགས་མཁས་མཆོག་དུ་མ་ལས་བཀའ་བསྟན་འགྱུར་རོ་ཅོག་དང་། རྙིང་མའི་ཀུན་མཁྱེན་ཡབ་སྲས། ས་པཎ། རྗེ་ཙོང་ཁ་པ་སོགས་གསར་རྙིང་སྐྱེས་ཆེན་རྣམས་ཀྱི་ལེགས་བཤད་མཐའ་དག ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ལམ་ཁྲིད། རྩ་རླུང་དང་རྫོགས་ཆེན་གྱི་ཁྲིད་སོགས་མཐའ་ཡས་པ་གསན་ཞིང་སྒོམ་སྒྲུབ་ལ་གཞོལ་བས་རྟོག་པ་ཚད་མེད་པ་འཁྲུངས། མཁས་པའི་ཕ་རོལ་དུ་ཕྱིན། གཞན་ཡང་འཇིགས་མེད་རྒྱལ་བའི་གྱུ་གུ་དང་། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་དང་། རྫོགས་ཆེན་རིན་པོ་ཆེ་མི་འགྱུར་ནམ་མཁའི་རྡོ་རྗེ་སོགས་ལས་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ལམ་ཁྲིད་ཀྱིས་གཙོས་པའི་རྩ་རླུང་དང་རྫོགས་ཆེན་ཀྱི་ཁྲིད་ལུང་ཡོངས་སུ་རྫོགས་པ་བུམ་པ་གང་བྱོས་ཀྱི་ཚུལ་གསན་བསམ་མཐར་ཕྱིན་གནང་སྟེ། རྟོགས་པ་མངོན་དུ་གྱུར། རླུང་སེམས་དབུ་མར་ཞུགས་གནས་ཐིམ་པའི་རྟགས་ཚད་ཐུནམོང་ཐུན་མིན་རྣམས་མངོན་དུ་མཛད། རུ་དམ་ཡང་དབེན་གཤིན་རྗེ་སྒྲུབ་ཕུག་དང་། ཚེ་རིང་ཕུག་སོགས་རྫོགས་ཆེན་གྱི་གདན་ས་རྣམས་དང་བཞན་ཡང་དཀར་ལྡིང་མ་འོལ་ལི་མ་སོགས་སུ་དཀའ་སྤྱད་དང་སྙིང་རུས་ཀྱི་སྒོ་ནས་སྒོམ་སྒྲུབས་ལ་གཞོལ་བས་རང་དོན་དུ་རྫོགས་པ་ཆེན་པོའི་ཆོས་ཟད་ཀྱི་དགོངས་པའི་གདེངས་ཚད་བརྙེས། གཞན་དོན་དུ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་དུ་སྲོག་འདོར་བ་ལ་ཡང་ཉམས་ང་མེད་པའི་གདེངས་མཆི་གསུང་པ་སོགས་ཕྱོགས་དང་རིས་སུ་མ་ཆད་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་ལས་སྒྲོལ་བའི་ཐབས་འབའ་ཞིག་ལ་ཁ་ཞེ་མེད་པར་བརྗོད་པ་རྒྱུན་ཆགས་སུ་མཛད།
དགུང་ལོ་སུམ་ཅུའི་ནང་སློབ་མའི་ཚོགས་ལ་རྒྱུད་གསང་བ་སྙིང་པོའི་ལྗགས་ཁྲིད་རྒྱས་པར་གནང་། གསེར་ཐར་དང་རྡོ་སྟོད་སྨད་ཀྱི་འདུས་སྡེ་ཡོངས་ལ་སྤྱོད་འཇུག་དང་། མ་ཎི་བཀའ་འབུམ། བདེ་སྨོན་སོགས་ཀྱི་ཆོས་སྦྱིན་གྲངས་མེད་བསྩལ། རྐུན་ཇག་གི་རྒྱུན་བཅད། དམར་སྟོན་གྱི་སྲོལ་བསྣུབས། རྫ་རྒྱལ་དགོན་གྱི་ཉེ་སྐོར་དུ་ཆོས་འཁོར་གྱི་གདན་ས་མཛད། གནས་ངེས་མེད་དུ་ཀུན་སྤངས་བྱ་བཏང་གི་མཛད་པས་འགྲོ་དོན་ཕྱོགས་མེད་དུ་བསྐྱངས། རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་དང་། པདྨའི་ཐང་སོགས་སུ་འདུལ་བ་མདོ། བྱམས་ཆོས་སྡེ་ལྔ། དབུ་མ་རྩ་འཇུག་བཞི་གསུམ་ཆ་ལག་དང་བཅས་པ་དང་། མངོན་པ་གོང་འོག །རྒྱུད་གསང་སྙིང་། ཡོན་ཏན་མཛོད། སྡོམ་གསུམ་རྣམ་ངེས་སོགས་ཀྱི་འཁོར་ལོ་རབ་མེད་དུ་བསྐོར། ལྷག་པར་དུ་ལོ་བསྟུན་མར་སྤྱོད་འཇུག་ལྗགས་ཁྲིད་གནང་བས་རྫོགས་ཆེན་ཤྲཱིར་སེང་གི་ཉེ་འགྲམ་དུ་མེ་ཏོག་སེར་ཆེན་འདབ་མ་སུམ་བཅུ་དང་ལྔ་བཅུ་ཅན་མང་དུ་སྐྱེས་པ་ལ་སྤྱོད་འཇུག་མེད་ཏོག་ཏུ་གྲགས་པ་བྱུང་། གཏེར་སྟོན་མཆོག་གྱུར་གླིང་བདེ་ཆེན་གླིང་པས་རྫོགས་ཆེན་གྱི་གངས་ཁྲོད་ནས་བདེ་མཆོག་སངས་རྒྱས་མཉམ་སྦྱོར་གྱི་གཏེར་ཁ་བཞེས་སྐབས་རྗེ་ཉིད་ཆོས་བདག་ཏུ་མངའ་གསོལ་ཞིང་དེ་དག་གི་དབང་ལུང་ཁྲིད་ཡོངས་རྫོགས་བརྣོག་ཆོས་སུ་བསྩལ། ཀཿཐོག་རྡོ་རྗེ་གདན་དུ་ལན་གསུམ་ཕེབས་ཏེ་དམ་གཙང་བྱམས་གསུམ་གྱི་གདུང་འབུལ་ལ་ཕྱག་བསྐོར་མཛད། རྗེས་མ་ལ་སི་ཏུ་མཆོག་སྤྲུལ་ཆོས་ཀྱི་བློ་གྲོས་སོགས་ཀྱིས་གསོལ་བ་བཏབས་པ་ལྟར་འདུས་སྡེ་ཡོངས་ལ་སྤྱོད་འཇུག་གི་བཤད་ཁྲིད་རྒྱས་པར་གནང་། སེར་ཤུལ་དགོན་དང་། ལབ་ཁྲི་འདུ་དགོན། ཆུ་ཧོར་དགོན་སོགས་རི་བོ་དགེ་ལྡན་པའི་དགོན་ཆེན་དག་ཏུ་བྱོན་ནས་སྤྱོད་འཇུག་དང་གསང་འདུས་རིམ་ལྔ་སོགས་ཀྱི་བཤད་པ་རྒྱ་ཆེར་མཛད་ཅིང་། དེ་དག་ཀྱང་ཞལ་གསལ་ལ་སྒྲ་དག་པ་ཚིག་ཉུང་ལ་དོན་འདུས་པ། གནད་ཉམས་ལེན་གྱི་སྟེང་དུ་བསྐོར་ནས་གསུང་པས་དགེ་བཤེས་ལྷ་རམས་པ་མང་པོས་ཀྱང་བསྔགས་བརྗོད་ཀྱི་མེ་རོག་འཐོར་ཞིང་གུས་པས་བཏུད། རྗ་རྒྱལ་དགོན་གྱི་ཉེ་སྐོར་དུ་ཆོས་འཁོར་གྱི་གདན་ས་མཛད། སྐུ་ཐོག་གོང་མ་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱིས་བཞེངས་པའི་རྡོ་འབུམ་ཆེན་མོར་ཁ་གསོའི་ཚུལ་དུ་སྔོན་གྱི་རྡོ་འབུམ་ལས་ཀྱང་རྒྱ་ཆེ་ཞིང་དཔངས་མཐོ་བ་འབྱོན་སྒྲོས་ཤིང་སྤུས་ལེགས་པ་ཞིག་བཞེངས་ཏེ་དཔལ་སྤྲུལ་རྡོ་འབུམ་ཞེས་སུ་གྲགས། རྗེ་འདི་ཉིད་སྐུ་ཚེ་ཧྲིལ་པོར་གནས་ངེས་མེད་དུ་ཕེབས་ཤིང་ཀུན་སྤངས་བྱ་བཏང་གི་མཛད་པ་སྤེལ་ཐོག ཐོས་བསམ་སྒོམ་གསུམ་དང་འཆས་རྩོམ་རྩོད་གསུམ་གྱི་རྣམ་ཐར་བསྐྱངས་ཏེ་ཁམས་སྟོད་སྨད་བར་གསུམ་དུ་སྤྱོད་འཇུག་དང་། བྱམས་ཆོས། སྡོམ་གསུམ། ཡོན་ཏན་མཛོད་སོགས་ཀྱི་འཆད་ཉན་ས་དར་རྡོ་དར་དུ་གྱུར་པ་དང་། ལྷག་པར་དུ་རྒྱུད་གསང་བ་སྙིང་པོའི་བཤད་རྒྱུན་དང་། ཀློང་ཆེན་སྙིང་ཐིག་གི་རྩ་རླུང་དང་ཁྲིད་སོགས་ཀྱི་ཆོས་རྒྱུན་རྗེ་འདི་ཉིད་ཀྱིས་ཉམས་པ་སོར་ཆུད་ཀྱིས་ཆེས་ཆེར་དར་བར་མཛད། རྗེ་ཉིད་སྔ་འགྱུར་གསང་སྔགས་རྙིང་མའི་བཀའ་གཏེར་གྱི་ཆོས་སྒོ་སྤྱི་དང་། ཡང་སྒོས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཟབ་ལམ་གདམས་པའི་བླ་བརྒྱུད་དུ་གྱུར་པ་མ་ཟད། ས་དགེ་བཀའ་གསུམ་གྲུབ་མཐའ་རིས་མེད་ཀྱི་གཞུང་ལུགས་ལ་གསན་བསམ་མཐར་ཕྱིན་མཁས་པའི་རྩེ་མོར་སོན་ཏེ་རྫ་དཔལ་སྤྲུལ་རིན་པོ་ཆེ་ཞེས་སྙན་པའི་གྲགས་པ་ཁ་བའི་ལྗོངས་ཕྱོགས་ཀུན་ཏུ་ཁྱབ།རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཆེན་མོས་གཙོས་པའི་གཞུང་ཆེན་ལྗགས་ཁྲིད་གནང་བས་སྤྱོད་འཇུག་བླ་མ་ཞེས་པའི་མཚན་སྙན་ཡང་ཐོགས། རྗེ་འདི་ཉིད་ཀྱིས་ཀ་ཐོག་སི་ཏུ་མཆོག་སྤྲུལ་ཆོས་ཀྱི་བློ་གྲོས་དང་། རྫོགས་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་རྡོར། རྒྱལ་རོང་ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ། འཇུ་མི་ཕམ་རྣམ་རྒྱལ། ཨ་ལགས་མདོ་སྔགས་རྒྱ་མཚོ་སོགས་རྙིང་མའི་མཁས་གྲུབ་ཀྱི་སྐྱེས་བུ་དུ་མ་དང་སེར་ཤུལ་ལྷ་རམས་པ་ཐུབ་བསྟན། དཔལ་སྤུངས་བླ་མ་བཀྲ་ཤིས་འོད་ཟེར་སོགས་ས་དགེ་བཀའ་བརྒྱུད་ཀྱི་བླ་མ་དེ་དག་གིས་གཙོས་པའི་སློབ་མ་མང་དུ་བསྐྱངས། སློབ་མ་སོགས་རང་རང་གི་བློ་དང་འཚམ་པའི་ལྗགས་རྩོམ་མཐའ་ཡས་པ་གནང་ཡོད། འོན་ཀྱང་སློབ་མ་སོ་སོས་དེ་དག་གཙིགས་ཆེན་བྱས་ཏེ་ཉར་ཚགས་བྱས་པས་མང་ཆེ་བ་པར་དུ་འཁོད་མ་ཐུབ། སྔོན་མར་པར་དུ་འཁོད་ཅིང་དེང་མཇལ་རྒྱུ་ཡོད་པ་ནི་གླེགས་བམ་ཕྱིན་དྲུག་གི་གྲངས་ཀྱིས་བརྒྱན་པ་རྣམས་སོ། །གསུང་རྩོམ་དེ་དག་ནང་བྱམས་ཆོས་དང་། སྤྱོད་འཇུག་ཡོན་ཏན་མཛོད་སོགས་ཀྱི་གཞུང་འགྲེལ་ས་བཅད་དང་། གཏམ་པད་མའི་ཚལ་གྱི་ཟློས་གར་སོགས་གཏམ་ཚོགས་དང་། ཞལ་གདམས། བསྟོད་ཚོགས་སོགས་པོད་བདུན་ཙམ་མཆིས་སོ། །རབ་བྱུང་བཅོ་ལྔ་པའི་མེ་ཕག་ཕྱི་ལོ་༡༨༨༧ལོ འི་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ཉིན་སྐུ་ཞི་བར་གཤེགས་སོ། །

Menu