རྫ་དགེ་མང་དགོན་གྱི་བཤད་གྲྭའི་མཛད་སྒོར་གསུངས་འཕྲིན།

དུས་གསུམ་རྒྱལ་ཀུན་འདུས་པའི་རང་ཞལ་རིགས་བརྒྱའི་ཁྱབ་བདག་པ་སློབ་དཔོན་ཆེན་པོ་ལ་གུས་ཕྱག་དང་བཅས། དེ་རིང་རྒྱལ་ཟླ་བའི་ཚེས་༢༥ མཁའ་འགྲོའི་དུས་ཆེན་ཕུན་ཚོགས་ཉིན་གྲུབ་དབང་༧རྒྱལ་བ་རྫོགས་ཆེན་པའི་ཆོས་བརྒྱུད་གསང་བ་སྙིང་ཐིག་གི་བསྟན་པའི་སྲོག་འཛིན་དགེ་མང་དགོན་པའི་བླ་གྲྭ་རྣམས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་དགོན་ནང་དུ་མདོ་སྔགས་རིག་དང་བཅས་པའི་ལྟེ་བ་བཤད་གྲྭ་གཏན་འཛུགས་བྱེད་རྒྱུ་དང་།

སྔ་མའི་གདན་སར་སྔ་འགྱུར་བའི་ཐུན་མིན་ཕ་ཆོས་མདོ་སྒྱུ་སེམས་གསུམ་གྱི་བཤད་པ་ཟུར་འཛུགས་བྱེད་རྒྱུ་བཅས་གཏན་ཁེལ་བ་ལྟར།
དེ་རིང་དངོས་གཞི་མཛད་སྒོ་སྤེལ་བཞིན་པའི་སྐབས་འདིར་དབུ་བཞུགས་སྐྱབས་རྗེ་མཁན་ཆེན་པདྨ་དབང་གི་རྒྱལ་པོ་གཙོས་མཁན་སྤྲུལ་བླ་སློབ་དང་། ལས་ཀྱི་སྣེ་མོ་བ་རྣམ་པ། དད་ལྡན་ལྷ་སྔེ་མི་སྡེ་ཡོངས་ལ་ངོས་རང་རི་ཆུ་ནགས་ཀླུང་མང་པོའི་ཆོད་པའི་ཕ་རོལ་ན་ཡོད་ཀྱང་དུངས་བའི་སེམས་པ་ཁྱེད་ཅག་ལྷན་མཛད་སྒོར་མཉམ་ཞུགས་ཡོད་པའི་འདུན་པ་བཅས་ཁ་མིན་དོན་གྱིས་ཁྱེད་ཅག་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན།
འབྱུང་འགྱུར་དེ་བཞིན་འཕགས་ཚོགས་འདུས་པ་རྒྱ་མཚོ་རྣམས་ཐུགས་མཐུན་ཁྲིམས་གཙང་གིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཡང་སྒོས་མཚོ་འཁྲུངས་པདྨ་རྒྱལ་པོའི་རང་ལུགས་དྲི་མ་མེད་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་ནུས་པ་སྔར་ལྷག་ཡོངས་བ་ལ། ངོས་ནས་དཀར་ཕྱོགས་སྐྱོང་བའི་སྲུང་མར་འཕྲིན་ལས་བཅོལ་རྒྱུ་དང་།  དམ་ཚིག་གཙང་མའི་སྨོན་ལམ་ཟབ་མོ་ཞུ་རྒྱུ་བཅས།
རྫོགས་ཆེན་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་བློ་གསལ་དབང་པོ་ནས།
བོད་རབ་གནས་ས་ཁྱི་ལོའི་རྒྱལ་ཟླ་བའི་ཚེས་༢༥ ཉིན་ཕུལ།
Menu