རྡོ་གྲུབ་ཆེན་དང་པོ་འཇིགས་མེད་འཕྲིན་ལས་འོད་ཟེར།

བཀླགས་གྲངས། 99

རིག་འཛིན་འཇིགས་མེད་གླིང་བའི་ཆོས་ཀྱི་བདག་པོ་རྡོ་གྲུབ་ཆེན་དང་པོ་འཇིགས་མེད་འཕྲིན་ལས་འོད་ཟེར་ནི། ཀུན་མཁྱེན་འཇིགས་མེད་གླིང་བའི་རྡོ་རྗེའི་ལུང་ལས། ལྷ་སྲས་སྤྲུལ་བས་ཆོས་སྒོ་འབྱེདཿ ཅེས་ལུང་ཟིན་གྱི་ཐུགས་སྲས་མཆོག་ལྷ་སྲས་མུ་རུབ་བཙན་པོ། སངས་རྒྱས་གླིང་བ་སོགས་ཀྱི་སྤྲུལ་བའི་ཟློས་གར་དུ་གཏེར་ཆེན་སངས་རྒྱས་གླིང་པའི་དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས་གསལ་བ་ལྟར།

བོད་ཆེན་པོའི་རྒྱལ་ཁབ་ཀྱི་ཤར་མདོ་ཁམས་སྒང་དྲུག་གི་ནང་ཚན་རྡུལ་རྫ་ཟལ་མོ་སྒང་གི་བྱེ་བྲག་རྡོ་ཡུལ་ཞེས་པའི་སྟོད་དུ་རབ་བྱུང ༡༢ པའི་ནང་ཚན་ང་དགུ་པ། ཤིང་མོེ་གླང་གི་ལོར་སྐུ་འཁྲུངས། གཟུགས་མེད་ལྷ་འདྲེ་བཏུལ་བ་སོགས་མ་ངེས་པའི་སྤྱོད་པ་སྣ་ཚོགས་མཛད། ཞེ་ཆེན་རབ་འབྱམས་བཞི་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་ལ་གཙུག་ཕུད་ཕུལ་ཞིང་མཚན་ཀུན་བཟང་གཞན་ཕན་བཏགས། རྫོགས་ཆེན་གངས་ཁྲོད་གོང་མ་བདེ་བ་ཆེན་པོར་ལོ་བདུན་བར་དུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། བོད་དུ་སྔ་ཕྱིར་ལན་བཞི་བྱོན་པའི་དང་པོ་གཉིས་སུ་ལྭ་དགས་སྒམ་པོར་གྲུབ་ཆེན་དམ་ཆོས་དབང་ཕྱུག་སོགས་ལས་ཟབ་ཆོས་མང་དུ་གསན་ཅིང་ཉམས་རྟོགས་ཀྱི་གདར་ཤ་བཅད། གཞན་མདོ་ཁམས་ཕྱོགས་སུ་སྔ་ཕྱིར་དཔལ་ཡུལ་ཀརྨ་བཀྲ་ཤིས། ཞེ་ཆེན་འགྱུར་མེད་ཀུན་བཟང་རྣམ་རྒྱལ། ཀཿ་ཐོག་དྲི་མེད་ཞིང་སྐྱོང་། རྫོགས་ཆེན་རྒྱ་རོང་རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ། རྫོགས་ཆེན་རུ་དམ་དུ་པདྨ་རིག་འཛིན་སྐུ་འཕྲེང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་སོགས་རྣམ་འདྲེན་དམ་པ་ཉི་ཤུའི་་ཞབས་པད་ལས་སྔ་འགྱུར་གཙོ་བོར་གྱུར་བའི་གསན་བསམ་མཐའ་ཡས་པ་མཛད། ཁྱད་པར་དགུང་གྲངས་ཞེ་གཅིག་ཏུ་སོན་པ། རབ་བྱུང་བཅུ་གསུམ་པའི་ཤིང་མོ་སྤྲུལ་གྱི་ལོ་ལ་དབུས་བྱོན་གསུམ་པའི་སྐབས་དོན་མཁར་ཚེ་རིང་ལྗོངས་སུ་རིག་འཛིན་འཇིགས་མེད་གླིང་པར་ཆེད་ཀྱིས་མཇལ་བ་ན། ལྷ་སྲས་དམ་འཛིན་གྱི་རྣམ་འཕྲུལ་དུ་ངོས་བཟུང་། ཕ་བུ་ལྟ་བུའི་བཀའ་དྲིན་ཆེན་པོས་བསྐྱངས་ཏེ་སྙིང་ཐིག་གི་ཆོས་བདག་གཙོ་བོར་དབང་བསྐུར། འཇིགས་མེད་འཕྲིན་ལས་འོད་ཟེར་ཞེས་མཚན་གྱི་ཅོད་པཎ་དཔྱངས། སླར་ཡང་ལན་བཞིའི་བར་ཀུན་མཁྱེན་གྱི་དྲུང་དུ་འབུལ་ནོད་དང་བཅས་ཕེབས་ཤིང་ཆོས་འཕྲོ་རྫོགས་པར་གསན། དེ་སྐབས་སྟོད་ཧོར་གྱི་དུས་ཟིང་ཆེ་བའི་སྐབས་སུ་བསམ་ཡས་པེ་ཧར་དཀོར་མཛོད་གླིང་དུ་རྒྱལ་པོའི་སྐུ་རྟེན་ལ་བཀའ་བསྐོས་པས་དབུ་སྒུར་མཛད། དེ་འཕྲལ་ཧས་པོ་རི་རྩེར་ལྷ་བསང་བཏང་བའི་དུད་པ་ནམ་མཁར་ཕྱིན་པ་བྱ་ཁྱུང་གི་རྣམ་པ་འཇིགས་རུང་ཅན་དུ་གྱུར་ནས་གནོད་པའི་ཕྱོགས་སུ་ཕྱིན་ནས་དམག་དཔུངས་ཟློག་པ་ཀུན་གྱི་མཐུན་སྣང་དུ་གྱུར། གཞུང་ས་ནས་ཀྱང་བདག་རྐྱེན་ཚད་མེད་གནང་། རྡོ་གྲུབ་ཆེན་ཞེས་པའི་མཚན་གྱི་གྲགས་པ་བྱུང་། བེམ་པོ་ལ་རིག་པ་གཏད་ནས་ཕཊཿ སྒྲ་བརྗོད་ཚེ་ནམ་མཁའ་ལ་འཕར་ནུས་པ། འབྱུང་པོ་རོ་ལངས་བཏུལ་བ་སོགས་གྲུབ་སྤྱོད་སྣ་ཚོགས་ལ་མངའ་བརྙེས། ཙཱ་རི་རོང་བསྐོར་ཕེབས་པ་སོགས་གནས་མཚོ་གངས་བྲག་མང་པོར་སྒྲུབ་པ་ཉམས་བཞེས་གནང་། དེ་ནས་རང་གཏེར་ལས་ལུང་བསྟན་པ་ལྟར། སླར་ཁམས་སུ་གཤེགས་པས་སྡེ་དགེ་ས་སྐྱོང་ཚེ་རིང་ལྷ་མོ་ཡུམ་སྲས་ཀྱི་དབུ་ལྷར་བཀུར་ཞིང་མཆོད་ཡོན་ཟུང་དུ་འབྲེལ། རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་བྲག་ཆེན་ཡར་ལུང་པདྨ་མ་བཀོད་དུ་ཕེབས་སྐབས་ཛཱ་གད་དཔའ་བོའི་སྐྱེམས་ཀྱི་བརྡ་དབང་ལས་ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོས་ནས་སྐུ་ཚེ་འདིར་ཆོས་ཉིད་ཟད་སར་ཕེབས། མགོ་ལོག་ཨ་སྐྱོང་ཆོས་རྒྱལ་གྱི་རྒྱུད་ལས་བྱུང་བའི་ཆོས་སྐོར་ཕ་བསོད་ནམས་འཕེལ་དང་མ་བཙན་གྱི་བུ་རྒྱུད་མགར་བཟའ་ཞེས་པའི་སྲས་ཀུན་མཁྱེན་འཇིགས་གླིང་གི་ཡང་སྲིད་དུ་ངོས་འཛིན་མཛད། སྐུ་ཡོན་དང་སྨིན་གྲོལ་གསན་བཞེས། ཕྱི་ནང་གསང་གསུམ་གྱི་བསླབ་སྟོན་སོགས་ལུགས་གཉིས་ཀྱིས་བསྐྱངས་ཏེ་བདག་གཉེར་མཛད་པ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། རྫོགས་ཆེན་དགེ་མང་རྒྱལ་སྲས་རིག་པའི་རྡོ་རྗེ། མི་འགྱུར་ནམ་རྡོར། ཆོས་དབྱངས་སྟོབས་ལྡན་རྡོ་རྗེ། རས་པ་དམ་ཚིག་རྡོ་རྗེའི་གདུང་ཆེན་བཞི་དང་། བླ་མ་འཇིགས་མེད་ངོ་མཚར། འཇིགས་མེད་བློ་གསལ། མགོ་ཚ་སྤྲུལ་སྐུ། ཞེ་ཆེན་རབ་འབྱམས། རྫོགས་ཆེན་དཔོན་སློབ་སྐུ་འཕྲེང་གསུམ་པ། ཀཿཐོག་སི་ཏུ། རྡོ་བླ་འཇིགས་མེད་སྐལ་བཟང་། ཀཿཐོག་དགེ་སྤྲུལ་མ་ཧཱ་པཎྡིཏ། རེབ་ཀོང་ནས་སྔགས་འཆང་རྡོ་རྗེ་འཛིན་པ་དཔལ་ཆེན་ནམ་མཁའ་འཇིགས་མེད་སོགས་ནམ་མཁའི་མཚན་ཅན་བཅུ་གསུམ། དཀྱིལ་འཁོར་འཛིན་པ་བརྒྱ་རྩར་གྲགས་པ་སོགས་བསྟན་འཛིན་ནུས་པའི་སྐྱེས་ཆེན་དུ་མ་བསྐྲུན་ཅིང་། སྔ་ཕྱིར་རྙིང་རྒྱུད། སྙིང་ཐིག་གོང་འོག མཛོད་བདུན། རིག་འཛིན་སྲོག་སྒྲུབ། བཀའ་བརྒྱད་རང་ཤར་སོགས་བྱང་གཏེར། དག་སྣང་རྒྱ་ཅན། རིག་འཛིན་ཡོངས་འདུས་སོགས་ཀྱི་ཆོས་འཁོར་བསྐོར། འོད་དཔག་མེད་ཀྱི་ཞལ་ཡང་ཡང་གཟིགས། ཨོ་རྒྱན་ཆེན་པོ་དང་ཀུན་མཁྱེན་ཡབ་སྲས། མི་ལ་བཞད་པ་རྡོ་རྗེའི་བྱིན་རླབས་ལ་བརྟེན་ནས་དམ་ཆོས་བདེ་ཆེན་ལམ་མཆོག་ཅེས་སྣང་མཐའ་ཕྱི་ནང་གསང་གསུམ་གྱི་སྒྲུབ་སྐོར། ཡང་གསང་རྟ་མགྲིན་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་སྒྲུབ་སྐོར། མ་གཅིག་སྒྲུབ་ཐབས་དང་དབང་ཆོག་གཅོད་ཡུལ་ཆུ་བོ་བཞི་འདྲེས་ཀྱི་སྐོར། བཀའ་སྲུང་མ་ཧཱ་དཱེ་བ་བཅས་ཀྱི་སྨིན་གྲོལ་ཆ་ཚང་དགོངས་གཏེར་ལ་ཕབ་ནས་ཕྱོགས་ཀུན་ཏུ་སྤེལ་བར་མཛད། རྫ་རྒྱུད་སྟོད་སྨད་རྣམས་སུ་རིང་ལུགས་འཛིན་པའི་ཆོས་སྡེ་གཉིས་ཙམ་བཏབ། བདེ་ཆེན་གླིང་བའི་གཏེར་ལུང་ལས། ལྷ་སྲས་རྣམ་འཕྲུལ་བྱང་སེམས་སྙིང་སྟོབས་ལྡནཿ རྫོགས་ཆེན་ཨ་ཏིའི་སྟོན་བསྒོམ་ཁྱུ་གཅིག་འབྱུང་། གསེར་གྱི་སྟོད་སྨད་དགོན་གནས་གསུམ་ཙམ་འཆའ། ཞེས་ལུང་བསྟན་ལྟར་རང་གནས་རྡོ་སྟོད་དགོན་གནས་དང་པོ་ཤུགས་ཆེན་འགྲོ་དོན་ལྷུན་གྲུབ། གཉིས་པ་བྲག་ཆེན་ཡར་ལུང་ཞེས་པར་པདྨ་བཀོད་རྩ་གསུམ་མཁའ་འགྲོའི་གླིང་ཕྱབ་བཏབ་སྟེ་སྐུ་ཚེ་ཧྲིལ་པོར་བཞུགས། དགོན་གནས་དེའི་བྱང་ཕྱོགས་སུ་རྨ་ཆུ་དཀར་མོ་གཡས་འཁྱིལ་ཟེར་བའི་འགྲམ་དུ་ཨ་རིག་ར་རྒྱ་དགོན་པ་གསར་བཞེངས་སྐབས་ཐོག་མའི་རྟེན་འབྲེལ་ཉེས་པའི་དབང་གིས་དགེ་འདུན་ཕྱེད་ཙམ་ཞིང་དུ་གཤེགས་པའི་རྐྱེན་དབང་གིས་ཡུལ་བུད་དེ་བྱོན་པར་སྒར་ཆགས་ས་དེར་ད་ལྟའང་སྒར་ལུང་དུ་གྲགས། དགོན་ཆེན་དེ་ལ་གནོད་འཚེ་བྱེད་པོ་རྒྱལ་གདོན་ཟབ་མོ་གཅོད་ཀྱི་སྒོ་ནས་སྦྱིན་བསྲེགས་མཛད། ད་ནི་དགེ་འདུན་པ་རྣམས་ཚུར་ཕེབས་ན་ཉེར་འཚེ་མེད་པར་དབུགས་དབྱུང་། ནད་ངན་གྱི་གནོད་པ་རང་ཞིར་སོང་། དགོན་གནས་དེའི་རྒྱབ་རི་ལ་ཨ་མྱེ་ཁྱུང་དགོན་ཞེས་པའི་བྲག་རི་ལས་ཆུ་གཏེར་བཏོན་ནས་དེའི་ཕུག་པར་བསྙེན་སྒྲུབ་མཛད་ནས་ཡུན་རིང་བཞུགས་པའི་སྒྲུབ་ཆུ་ད་ལྟའང་ཡོད། གཞན་ཡང་རེབ་ཀོང་ཕྱོགས་སུ་སྨིན་གྲོལ་བསྩལ་བས་ཆོས་དབྱངས་སྟོབས་ལྡན་རྡོ་རྗེ་དང་དེའི་སློབ་བརྒྱུད་ཕུར་ཐོག་སྟོང་དང་དགུ་བརྒྱ་ཞེས་གྲགས་པ་སོགས་མཆེད་པས་ཕྲིན་ལས་ཧ་ཅང་རྒྱས། སོག་པོ་ཝང་རྒྱལ་པོས་དབུ་བླར་བཀུར། མ་འོང་ལུང་བསྟན་པོད་གཅིག་ཙམ་གནང་བས་ཕྱིས་སུ་བླ་བྲང་བཀྲ་ཤིས་སྒོ་མང་གི་ཐུགས་དམ་སྙིང་པོར་མཛད། མངོན་ཤེས་དང་གྲུབ་པ་ལ་ཐོགས་པ་མེད་པས། མདོ་ཁམས་སྟོད་སྨད་རྒྱ་སོག་དར་མདོ་ཡན་གྱི་སློབ་མ་དང་། མི་ཆེན་སྦྱིན་བདག་སྤྲིན་ལྟར་འདུ་བས་ལུགས་གཉིས་ཀྱི་ཕྲིན་ལས་ཤུན་ཏུ་འཕེལ། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་གྲངས་དོན་བདུན་དུ་ཕེབས་པ་ལྕགས་སྦྲུལ་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ནམ་གུང་ལ་སྐུ་ལ་སྙུང་ཟུག་མེད་ཅིང་ཞལ་ཆེམས་རིགས་རྒྱས་པར་བསྩལ་བའི་མཐར་རྟགས་དང་ཆོ་འཕྲུལ་མངོན་པར་མཛད་དེ་ཆོས་དབྱིངས་ཞི་བ་ཆེན་པོར་གཤེགས་སོ། ཐུགས་སྲས་ཞལ་སློབ་རྣམས་ཀྱིས་པུར་སྦྱང་མཛད་པས་གདུང་དང་རིང་སྦྲེལ་གྱི་ཕུང་པོ་བཅས་བཞུགས་པའི་གསེར་གདུང་བཞེངས་པ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་གདན་ས་འདིར་བཞུགས་སོ།

Menu