རྡོ་གྲུབ་གཉིས་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས།

བཀླགས་གྲངས། 72

རྡོ་གྲུབ་གཉིས་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ནི། འཁྲུངས་ཡུལ་རྡོ་རོལ། གནས་བདག་ཐང་ཡག་མགར་དམར་གྱི་ཉེ་ཆར། དྷི་བཤམས་ཀཿཐོག་ཏུ། ཡབ་བོ་ཆུང་ཆོ་འཕན་བྱ་བ་དང་། ཡུམ་ཨ་པང་བཟའ་མཚོ་གཉིས་ཀྱི་སྲས་སུ། སྤྱིོ་ལོ ༡༨༢༤ ལོར་བོད་རབ་བྱུང་ ༡༤ པའི་ཤིང་སྤྲེལ་ལོར་ངོ་མཚར་གྱི་ལྟས་དཔག་ཏུ་མེད་པ་བཅས་སྐུ་འཁྲུངས།

མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་སོགས་སྐྱེས་མཆོག་མང་པོས་ངོས་འཛིན་གྱི་ལུང་བབསྟན་བཞིན་རྗེ་གོང་མའི་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་རྒྱས་པར་ཞུས། འབྲི་ཀློག་སྒྲུབ་ཕྲིན་སོགས་རིགས་པའི་གནས་རྣམས་ཚེགས་མེད་པར་མཁྱེན། ཟབ་གཏེར་འགའ་ཞིག་བཞེས་ཀྱང་ཕྱིས་སུ་གཟི་སྒྲོམ་ཙམ་བཞུགས་པ་ལས་གཞན་བཞུགས་པ་མ་མངོན། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་དང་རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེ། དཔལ་སྤྲུལ་སོགས་བླ་མར་བསྟེན། རང་བཞིན་རྫོགས་པ་ཆེན་པོའི་ལམ་ནས་མཆོག་གི་དངོས་གྲུབ་བརྙེས་ཏེ་གྲུབ་པ་ཐོབ། མགོ་ལོག་པ་ལྕགས་མོ་སེན་རིང་ཞེས་པ་དྲག་པ་རང་རྒྱུད་པར་གོལ་བའི་རྒྱལ་འགོང་ཆེས་མ་རུངས་པ་ཞིག་ཡོད་པ། དེ་འདུལ་བྱེད་ཀྱི་ཐབས་གཉེན་པོ་གཞན་གང་ཡང་མེད་པར་དགོངས་ཏེ། ཨ་མདོ་ལྔ་པའི་ཥི་མདའ་ཞེས་བྱ་བའི་གྲོང་ན། ལྕགས་མོ་སྤྲུལ་སྐུ་ཞེས་ངན་ནམ་རྒྱལ་བ་མཆོག་དབྱངས་ཀྱི་སྤྲུལ་པ་དངོས། རྟ་མགྲིན་གྱི་རྟ་ཞལ་མཚོན་པའི་དབུ་སྐྲ་ལྗང་གུ་ཉག་ལྔ་ཡོད་པའི་དམ་པའི་སྐྱེས་བུ་དེ་རྒྱལ་འགོང་འདིའི་ཁ་གནོན་གྱི་གཉེན་པོར་ངོས་འཛིན་མཛད་པས། སྐྱེས་མཆོག་དེའི་ལྕགས་མོ་སེན་རིང་དང་། སྨར་གུ་མདའི་རྒྱལ་པོ་དྲག་རྩལ་ཅན་གཉིས་ཕྱིས་ལོག་ལམ་ལས་དགྲོལ་ནུས་པ་སོགས་ལྐོག་གྱུར་གཟིགས་པའི་མངོན་ཤེས་ཐོགས་པ་མེད་པ་མངའ་བའི་གྲུབ་པའི་དབང་ཕྱུག་ཁྱད་པར་འཕགས་པ་ཞིག་བྱོན། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་བླ་མར་བསྟེན་ནས་དེ་དང་ལྷན་བཞུགས་ཀྱིས་བརྟུལ་ཞུགས་སྤྱོད་པ་རྣམས་སྐྱོང་ཞིང་གྲུབ་རྟགས་ཀྱི་གནས་གང་ལ་ཡང་ཐོགས་པ་མེད་པར་རྒྱ་གར་གྲུབ་ཐོབ་ཆེན་པོ་ས་ར་ཧ་དང་མཉམ་པའི་སྔགས་ཀྱི་སྤྱོད་པ་ལ་སྒྲ་ཇི་བཞིན་དུ་སྤྱོད་ནུས་པ་སྐྱེས་མཆོག་འདི་གཉིས་ཡིན། བར་སྐབས་སུ་རྐྱེན་དབང་ངན་པའི་རྟེན་འབྲེལ་མ་འགྲིགས་སྟབས་གདན་ས་སྤོ་དགོས་བྱུང་བ་ན་རྒྱ་དར་རྩེ་མདོ་ལྕགས་ལ་རྒྱལ་པོས་བཞེད་བསྐུལ་བཞིན། དེའི་དབུ་བླར་ཕེབས་ཏེ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་དང་དཔོན་སློབ་གཉིས་མཉམ་དུ་ཡུན་རིང་བཞུགས། དགུང་གྲངས་སུམ་བཅུ་ཙམ་ན་མདོར་འབྲུམ་ནད་ཀྱིས་མི་ཕོན་ཆེན་ཤི་བའི་རྐྱེན་ངན་བཟློག་ཆེད་དུ་བསྙུན་བཞེས་ཀྱིས་གཟིམ་མལ་དུ་སྐུ་གཤེགས་ནས་ཡོད་སྐབས། ཐུགས་དམ་ངོ་སྤྲོད་གནང་ཆེད་དུ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ཕེབས་ནས། ཕུན་ཚོགས་འབྱུང་གནས་ཁྱོད་ཤི་བ་རེད་ཅེས། རྡོག་པས་ལན་གསུམ་བསྣུན་སྐབས། ཧལ་གྱིས་སྐུ་བཞེངས་ཏེ་རྡོ་རྗེ་སྐྱིལ་ཀྲུང་གིས་བདུན་ཕྲག་གཅིག་བར་གཡོ་མེད་དུ་བཞུགས། དེའི་ཚེ་འཇའ་འོད་སོགས་ཡ་མཚན་གྱི་དག་སྣང་མཐའ་ཡས་པ་བྱུང་བ་སོགས་གདུལ་བྱ་ཐམས་ཅད་ངོ་མཚར་བའི་གནས་ལ་བཀོད་དོ།
རྩོམ་སྒྲིག་པས་རྡོ་གྲུབ་སྐུ་འཕྲེང་བཞིའི་རྣམ་ཐར་ལས་ཕབས་པ་ལགས།

Menu