རྫོགས་ཆེན།

རྙིང་མའི་སྨོན་ལམ་ཐེངས་༢༤པར་བསྩལ་བའི་གསུང་འཕྲིན།

བཀླགས་གྲངས། 387

ལོ་ལྟར་རྩོམ་སྒྲིག་བྱེད་བཞིན་པའི་སྔ་འགྱུར་དུས་དེབ་རྩོིམ་སྒྲིག་པ་སྔ་འགྱུར་རིག་མཛོད་ལྷན་ཁང་ནས་རེ་བསྐུལ་ལྟར་བསམ་ཚུལ་སྙིང་བསྡུས་ཞིག་འབྲི་འདོད་བྱུང་། དེ་ཡང་ཐོག་མར་སྔ་འགྱུར་རིག་འཛིན་བརྒྱུད་པའི་སྲོལ་འཛིན་བྱང་གཏེར་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་སྔ་འགྱུར་བའི་སྤྱི་མགོན་དུ་ཕེབས་པའི་བཀྲ་ཤིས་པའི་ཉིན་མོ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་མགོན་པོ་གང་གི་སྐུ་རིང་ལ་སྔ་འགྱུར་བ་དག་ཐུགས་མཐུན་ཁྲིམས་གཙང་ཆོས་མཐུན་གྱི་ལས་རྣམས་ཕྱོགས་དུས་གང་སར་དར་ཞིང་ཁྱད་པར་མགོན་པོ་གང་སྐུ་ཚེ་ཡུན་རིང་བསྟན་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་གཅིག

སྐབས་སུ་བབ་པའི་གླེང་དོན་གཙོ་བོ་གསང་ཆེན་སྔ་འགྱུར་རྙིང་མ་པ་ནི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ནས་ཆོས་ལུགས་གྲུབ་མཐའ་ཁག་གིས་སྔོན་དུ་བྱུང་ཡོད་ལ། སྔ་འགྱུར་རིག་འཛིན་བརྒྱུད་པའི་ཐུགས་རྗེ་ལམ་བཟང་ལ་བརྟེན་ནས་ལས་རྗེས་སུ་མ་ལུས་པར་ལྟ་གྲུབ་སྤྱོད་འབྲས་གང་གིས་ཆ་ནས་གཟེངས་སུ་ཐོན་ཡོད་པ་བརྒྱུད་པའི་བླ་མ་རྣམས་ཀྱིས་བཀའ་དྲིན་ཉག་གཅིག་ལས་བྱུང་ཡོད་པ་སྨྲོས་སུ་མེད། ཁྱད་པར་དུས་འགྱུར་ཁྲོད་བསྟན་འཛིན་སྐྱེས་བུ་གང་བཟང་རྣམས་ལ་བཟོད་དུ་མེད་པའི་ཕམ་ཉེས་བྱུང་ཡང་མཁན་སློབ་ཆོས་གསུམ་སོགས་དམ་པ་གོང་མའི་སྔོན་སྨོན་དུས་སུ་སད་པའི་བུ་སློབ་བསྟན་འཛིན་རྣམས་ཀྱིས་སྣུམ་ཟད་ཀྱི་མར་མེ་ལྟ་བུའི་ཉག་ཕྲ་བའི་བསྟན་པའི་རང་སྲོག་ཕྲ་མོ་ཉམ་དུ་མ་བཅུགས་པར་ཡང་དར་བསྟན་པའི་མེ་རོ་གསར་ཏུ་ཕྱེ་ནས་བསྟན་པའི་སྙིང་པོ་དྲོད་རླང་མ་ཡལ་བ་འདི་ལ་ཆོས་ལུགས་གྲུབ་མཐའ་གཞན་གྱིས་ཀྱང་ཡིད་སྨོན་སྐྱེ་བའི་གནས་སུ་བྱེད་ས་ཞིག་ཡོད་པ་འདི་རེད། ཁྱད་པར་མཁན་ཆེན་སེམས་དཔའ་ཆེན་པོ་༸ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་དང་། ༸སྐྱབས་རྗེ་དམ་པ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་རྣམ་གཉིས་ཀྱིས་རྩ་བའི་བཀའ་དྲིན་ལ་བརྟེན་ནས་བོད་ཕྱི་ནང་གང་སར་རྙིང་མའི་བསྟན་པ་ལ་བྱ་བ་བྱེད་པའི་བསྟན་འཛིན་གསེར་རིའི་འཕྲེང་བ་ཚར་དུ་དངར་བ་ཡོད་པ་འདི་རེད། སྐྱབས་རྗེ་རྣམ་གཉིས་ཀྱིས་བསྟན་པ་སྐྱོང་སྟང་ནི་རྫ་དཔལ་སྤྲུལ་སེམས་དཔའ་ཆེན་པོ་སོགས་ཀྱི་གདམས་ཟབ་ལས་བྱུང་བ་ལྟར་ཆོས་ཆོས་ལྟར་བསྒྲུབ་པ་ལས་ཆོས་དང་འཇིག་རྟེན་བསྲེ་བསླད་མི་བྱེད་པར་བརྒྱུད་པའི་གདམས་བཟང་དྲོན་མོར་བདག་གིར་བྱེད་ལུགས་ལ་བལྟས་ན་ཡིད་སྨོན་སྐྱེ་འོས་པ་ཞིག་དང་བཀའ་དྲིན་བརྗེད་མི་རུང་ཞིག་ཏུ་མཐོང་། སྔ་འགྱུར་རང་ལུགས་པ་རྣམས་ཀྱིས་ཆོས་ཆོས་བཞིན་བྱས་ཏེ་འཇའ་ལུས་མཁའ་སྤྱོད་སོགས་ཀྱིས་གནས་སུ་བགྲོད་མ་ནུས་ཀྱང་། འཆི་ཆོས་རྣལ་མ་རེ་ལ་ལོངས་སུ་སྤྱོད་དགོས་རྒྱུ་རྩ་བའི་གལ་གནད་ཅིག་རེད། དེ་བཞིན་༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་དང་། ༸སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་སོགས་སྐྱབས་རྗེ་སྐུ་བཀྲེས་རྣམ་ཀྱིས་ལམ་སྟོན་གང་དགོས་དུས་དང་དུས་སུ་ཕེབས་རྒྱུ་དང་། དེ་བཞིན་སྔ་འགྱུར་བ་རྣམས་ལམ་ཁ་གཅིག་ལས་ནམ་ཡང་གཡོ་མི་རུང་བར་བསྟན་པའི་སྙིང་པོ་ལེན་རྒྱུ་གལ་ཆེ། དེང་སང་དེང་རབས་པ་ཟེར་ནས་མི་ཚང་མ་འུར་ཟེངས་སློང་བའི་སྐབས་ཞིག་ལ་ཁེལ་འདུག་ཀྱང་སྔ་འགྱུར་བ་རང་གི་ལྟ་བསྒོམ་སྤྱོད་འབྲས་ལ་གནའ་དེང་གི་ཁྱད་པར་དབྱེ་འབྱེད་བྱེད་རྒྱུ་མེད་ངེས་སུ་མཐོང་། ཁྱད་པར་སྔ་འགྱུར་སྨོན་ལམ་ཆེན་མོ་འདི་ནི་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད་པ་དེ་ཡང་བསྟན་པའི་ཁུར་ཆེན་དང་དུ་ལེན་པའི་སྔ་འགྱུར་བསྟན་བདག་རྣམས་ཀྱིས་ཐུགས་རྗེ་དང་། གཞན་བསྟན་པའི་སྦྱིན་བདག་ཆེན་མོ་དར་ཐང་རིན་པོ་ཆེ་དང་ལ་དྭགས་ཆོས་རྗེ་རྣམ་གཉིས་ཀྱིས་གཙོ་བོའི་ཐུགས་ཁུར་བཞེས་པ་ལྟར་འབྲེལ་ཡོད་གཏོང་ཕོད་ཅན་རྣམས་ཀྱིས་བཀའ་དྲིན་ལས་ཕྱོགས་གང་ཐད་ནས་ངོ་གནོང་མི་དགོས་པ་ཞིག་བྱུང་པ་ལྟར་རྣམ་པ་ཚོར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡ་རབས་དམ་པའི་སྤྱོད་པར་སོང་ཀུན་ཀྱིས་ཐུགས་ལ་འཇགས་པར་ཞུ། མཐའ་དོན་༸གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་གཙོས་ས་དགེ་བཀའ་རྙིང་གི་བསྟན་འཛིན་སྐྱེས་བུ་རྣམ་དང་ཁྱད་པར་སྔ་འགྱུར་བའི་སྐྱེས་ཆེན་སྐུ་བཀྲེས་རྣམས་སྐུ་ཚེ་ཡུན་རིང་བརྟན་ཅིང་མཛད་འཕྲིན་ཕྱོགས་སུ་རྒྱས། སྐུ་གཞོན་རྣམས་ཐུགས་མཐུན་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་རང་བསྟན་ཡར་ངོའི་ཟླ་བཞིན་འཕེལ་བའི་སྨོན་འདུན་དང་བཅས། རྫོགས་སྤྲུལ་བདུན་པའི་མིང་འཛིན་པ་ཐུབ་བསྟན་འཇིགས་མེད་བློ་གསལ་དབང་པོ་ནས་བོད་རབ་གནས་ཆུ་ཕོ་འབྲུག་ལོའི་ཟླ་ ༠༧་ཚེས་༢༥་ཉིན་བྲིས་པ་དགེ།

སྔ་འགྱུར་སྨོན་ལམ་ཐེངས་༢༤ པར་བསྩལ་བའི་བཀའ་སློབ།

 

Menu