རྙིང་མའི་དབུ་འཛིན་ལ་རྫོགས་ཆེན་རིན་པོ་ཆེ་བསྐོས་གཏན་ཁེལ་བ།

ལོ་ལྟར་བོད་ཟླ་༡༢ པའི་ཚེས་༠༨ ཉིན་གསང་སྔགས་སྔ་འགྱུར་བས་འཆར་ཅན་ཚོགས་འདུ་རེ་འཚོགས་བཞིན་པ་ལྟར་འདི་ལོའི་རྙིང་མ་སྨོན་ལམ་ཆེན་མོ་ཐེངས་སུམ་བཅུ་པའི་སྐབས་སུ་རྙིང་མ་སྨོན་ལམ་ཆེན་མོའི་རྒྱུན་ལས་ཚོགས་གཙོ་མཆོག་གི་དབུས། རྙིང་མའི་བླ་ཆེན་རྣམ་པ་དང་། སྨོན་ལམ་རྒྱུན་ནས་ལྷན་ཚོགས། རྙིང་མའི་སྤྱི་འཐུས་རྣམས་གཉིས་བཅས་མཉམ་ཞུགས་ཀྱིས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བསྐོ་ཕྱོགས་སྐོར་ ༢༠༡༨ ལོའི་གྲོས་ཆོད་གཏན་འབེབས་བཞིན་གྲོས་བསྡུར་བྱས་མཐར་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་རྫོགས་ཆེན་རིན་པོ་ཆེ་བསྐོ་བཞག་ཞུས་ཡོད་པ་རེད་འདུག

དེ་ཡང་རྙིང་མའི་དབུ་འཛིན་བསྐོ་བཞག་ཞུ་སྟངས་སྐོར་ནི། ཕྱི་ལོ་༢༠༡༨ ཟླ་༡ པོའི་ནང་རྡོ་རྗེ་གདན་དུ་སྔ་འགྱུར་རྒྱལ་ཡོངས་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་༢༩ པ་འཚོགས་བཞིན་པའི་སྐབས། སྔ་འགྱུར་བའི་བླ་ཆེན་རྣམ་པ་དང་། རྙིང་མའི་སྤྱི་འཐུས། སྨོན་ལམ་ཆེན་མོའི་རྒྱུན་ལས་རྣམ་པ། གཞན་འབྲེལ་ཡོད་མཁན་སྤྲུལ་སོགས་འདུ་འཛོམས་ཀྱིས་གྲོས་བསྡུར་བྱས་མཐར་ཚང་མ་བློ་སེམས་གཅིག་མཐུན་གྱིས་རྩ་བའི་གདན་ས་དྲུག་གི་བསྟན་བདག་གསེར་ཁྲིའི་ཐོབ་འཛིན་རྣམས་ལ་རེས་མོས་སུ་དང་པོ་སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་དང་། སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་གཉིས་ལས་བརྒྱན་བབ་ལྟར་ཀཿཐོག་དགེ་རྩེ་རིན་པོ་ཆེ་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པར་བསྐོ་བཞག་ཞུས་པ་དང་། དེ་འཕྲོར་རྫོགས་ཆེན་རིན་པོ་ཆེ་བསྐོ་བཞག་གནང་རྒྱུ་དང་། གཞན་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་གཞན་བཞི་རིམ་པར་རྒྱན་བབ་ལྟར། ཞེ་ཆེན། སྨིན་གྲོལ་གླིང་། རྡོ་རྗེ་བྲག དཔལ་ཡུལ་བཅས་བསྐོ་བཞག་གནང་བར་གཏན་ཁེལ། དུས་ཡུན་ལོ་གསུམ་རེར་དབུ་འཛིན་ཐུགས་འགན་བཞེས་དགོས་པ་ཐག་བཅད་ཡོད་ནའང་། རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་༢༠༡༨ ལོའི་ཕྱི་ཟླ་༡༡ པའི་ཚེས་༡༩ ཉིན་བལ་ཡུལ་དུ་གློ་བུར་སྐུ་གཤེགས་བའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།
ད་ལོའི་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་མཆོག་ལ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པ་གོང་གསལ་ལྟར་བསྐོས་བཞག་གནང་གཏན་ཁེལ་བའི་སྙན་གསན་དང་གསོལ་འདེབས་ཞུ་བའི་དུས་ཚོད། རྟེན་འབྲེལ་ཀྱི་ཁྱད་པར་ལ་གཞིགས་ནས་བོད་ལོ་གསར་བའི་ནང་ཞུ་རྒྱུའི་གཏན་ཁེལ་བྱུང་བ་དང་། སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེར་མདུན་བཅར་དུས་ཚོད་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་དོན་བཞིན་བོད་ཟླ་༠༣ པའི་ཚེས་ ༢༥ ལ་ཐུགས་གཏན་ཁེལ་གནང་བ་ལྟར། རྙིང་མའི་བླ་ཆེན་རྣམ་པ་དང་། དགོན་ཆེན་ཆེན་ཁག་གི་སྐུ་ཚབ། སྤྱི་འཐུས་རྣམ་གཉིས། རྒྱ་བལ་འབྲས་འབྲུག་གི་སྐུ་ཚབ་བཅས་རྫོགས་ཆེན་དགོན་དུ་ཆེད་བཅར་ཀྱིས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་མངའ་གསོལ་གསོལ་འདེབས་ཞུ་གཏན་ཁེལ་ཡོད་པ་རེད་འདུག
Menu